དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གསུམ་ཉིན་གྱི་ཞོགས་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཅེ་ཉིང་ས་ཁུལ་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་དང་། ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། མིག་སྔར་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཅེ་ཉིང་ཡུལ་གྱར་བའི་སྒར་སར་འབྱོར་རྗེས། ས་དེའི་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱུང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་ཡུན་རིང་བྱས། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། ཡུལ་དངོས་ནས་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་ཐུབ་ཟེར།
ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་ལས་གཞན་ད་རུང་མི་ཉེར་བདུན་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ལ། དེའི་ནང་མི་བདུན་གྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧི་སེ་ཡུན་ཞེ་ཧི་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་བསྟུད་མར་བཙན་འཛུལ་བྱས་པ་ལས་ས་ཁུལ་དེར་དྲག་ཤུགས་དང་གཏན་འཇགས་མིན་པའི་སྣང་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་ཅེ་ཉིང་ས་ཁུལ་དུ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱེད་བཞིན་ཡོད་ཅིང་། ཞོགས་པ་ནས་བཟུང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་མཉམ་འབྲེལ་འཐབ་འཁྲུག་བཀོད་འདོམ་ཁང་དང་མཚོན་ཆ་དང་མདེལ་རྫས་གསོག་འཇོག་བྱེད་སའི་སྒྲིག་ཆས། འཕྲིན་གཏོང་ལྟེ་གནས་སོགས་ལ་ཆམ་ཕབ་བཏང་ཟེར། དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་སྨྱན་བྱད་ལ་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་ཅེ་ཉིང་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ལ་དམིགས་པ་ལས། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ལ་དམིགས་པ་མིན་ལ། ཅེ་ཉིང་གི་ཡུལ་གྱར་བའི་སྒར་ས་བཙན་བཟུང་བྱེད་པའི་དམིགས་ཡུལ་ཡང་མིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།