ཨ་ཧྥེ་རི་ཁ་ལྷོ་མའི་སྨྱན་བྱད་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཤར་མ་ཞིང་ཆེན་དུ་ཚེས་གཉིས་ཉིན་གྱི་ནམ་གུང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར།
ཁའེ་ཕུའུ་ཤར་མ་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་མགྲིན་ཚབ་པས་བཤད་རྒྱུར། ས་དེའི་ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། ཁའེ་ཕུའུ་ཤར་མ་ཞིང་ཆེན་གྱི་མུས་ཏི་ཨར་པའོ་གྲོང་ཁྱེར་ཉེ་འདབས་ཀྱི་གཞུང་ལམ་ཞིག་གི་སྟེང་། དངོས་སྐྱེལ་རླངས་འཁོར་ཆེ་བ་ཞིག་སྲོག་ཆགས་ལ་ཐོ་བརྒྱབ་སྟེ་ཚོད་འཛིན་བྱེད་ཐབས་བྲལ་ནས་ལོག་པ་དང་། དངོས་སྐྱེལ་རླངས་འཁོར་གྱི་འཁོར་སྒམ་གྱིས་ཏག་ཏག་ཁ་གཏད་ཀྱི་ལམ་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་གཅིར་བ་རེད། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེའི་སྟེང་གི་མི་བཅོ་ལྔ་བོ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། བུད་མེད་དགུ་དང་སྐྱེས་པ་བཞི། བུ་མོ་ཆུང་ཆུང་གཉིས་བཅས་ཡོད། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་རྨས་ཡང་མོ་ཕོག་ཡོད་ཟེར།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་ཉེས་དོན་གོ་འགོད་བྱས་ཏེ། ཞིབ་ཏུ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།