ཧིན་རྡུ་ཉི་ཞི་ཡཱའི་པཱ་པུའུ་ཡཱ་ཞིང་ཆེན་དུ་ཚེས་གསུམ་ཉིན་གྱི་སྔ་དྲོར་ཚད་རིམ་དྲུག་གི་ས་ཡོམ་བྱུང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། ས་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ཡཱ་ཅཱ་ཏཱའི་དུས་ཚོད་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ང་གཅིག་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་པཱ་པུའུ་ཡཱ་ཞིང་ཆེན་གྱི་ཆི་ལུང་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྐམ་ས་ཡིན་ལ། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱའི་བར་ཧ་ལམ་སྤྱི་ལེ་སྟོང་གསུམ་དང་བདུན་བརྒྱ་ཙམ་ཡོད་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་གསུམ་ཡོད།
ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། ས་གོ་ལའི་དངོས་ལུགས་ཅུའུ་ཡིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད་ཀྱང་། ས་ཡོམ་བྱུང་ས་གཙོ་བོའི་ཉེ་འདབས་སུ་ས་ཡོམ་ཆུང་བ་འབྱུང་སྲིད་པའི་ཉེན་བརྡ་བཏང་བ་དང་། སྡོད་དམངས་དག་གིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་གསལ་འདེབས་བྱས།
གཞན་ཡང་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ལྔ་དང་གྲངས་ཆུང་བཞི་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་བཅུ་གསུམ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།