ཧྥ་རན་སིའི་ཙུང་ཐུང་གིས་སྲིད་གཞུང་གིས་མྱུར་མོར་ཟིང་འཁྲུག་ཚོད་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་སྒྲིག་ལམ་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།
2023.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་དགོང་མོར། ཉེན་རྟོག་པས་ཧྥ་རན་སིའི་ཕཱ་རེ་སིའི་ཞང་ཞེ་ལོས་ཧྲི་སྲང་ལམ་ཆེན་མོ་བཀག་སྡོམ་སྐོར་གཡེང་བྱེད་བཞིན་པ།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་གིས་མྱུར་མོར་རྒྱལ་ནང་གི་སྒྲིག་ལམ་སླར་གསོ་བྱེད་པར་བརྩོན་དགོས་པའི་རེ་བ་བཏོན། ཉིན་དེའི་དགོང་མོར་ཧྥ་རན་སིའི་གྲོང་ཁྱེར་རེ་འགར་སྔར་བཞིན་འཁྲུག་རྩོད་བྱུང་ཡོད་ཀྱང་། རྒྱལ་ཡོངས་ཁྱབ་ཁོངས་ནས་བལྟས་ན། ཟིང་འཁྲུག་གི་ཚད་ཉིན་འགའི་སྔོན་དང་བསྡུར་ན་མངོན་གསལ་གྱིས་ཇེ་དགའ་རུ་སོང་ཡོད།

མཱ་ཁི་ལུང་གིས་ཉིན་དེའི་དགོང་མོར་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་ཧྥ་རན་སིའི་ཙུང་ལི་དང་པུའུ་ཀྲང་འགའ་མཉམ་དུ་བསྡུས་ནས། གནས་བབ་ཀྱི་འགྱུར་ལྡོག་གསར་བར་ཞིབ་འཇུག་བྱས། ཁོས་སྲིད་གཞུང་གིས་ནུས་པ་ཡོད་ཚད་བཏོན་ནས་རྒྱལ་ཁབ་ཀྱི་སྒྲིག་ལམ་སླར་གསོ་བྱས་ཏེ། གནས་བབ་མྱུར་མོར་ཞི་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་ཚེས་གསུམ་ཉིན་སོ་སོར་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པུའུ་ལིང་ཕིས་ཝེ་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ལཱ་ཨར་ཞེ་གཉིས་ལ་ཐུག་འཕྲད་བྱས་པ་དང་། ཚེས་བཞི་ཉིན་ཟིང་འཁྲུག་གི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་གྲོང་ཁྱེར་དང་གྲོང་རྡལ་ཉིས་བརྒྱ་དང་ཉི་ཤུ་ལྷག་གི་འགན་ཁུར་བར་ཐུག་འཕྲད་བྱེད་རྒྱུ་རེད།

ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཏཱ་ཨར་མཱ་ཉིང་གིས་ཁྱབ་བསྒྲགས་བྱས་དོན། ཚེས་གཉིས་ཉིན་གྱི་དགོང་མོར་རྒྱལ་ཡོངས་སུ་ཉེན་རྟོག་པ་དང་ཚད་ལྡན་དམག་མི་ཁྲི་བཞི་དང་སྟོང་ལྔ་བཀོད་སྒྲིག་བྱས་ཡོད་ཟེར། ཧྥ་རན་སིའི་ནང་སྲིད་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་བར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་རྒྱལ་ཡོངས་ནས་མི་ཞེ་དགུ་འཛིན་བཟུང་བྱས་པ་དང་། ཉིན་འགའི་སྔོན་དང་བསྡུར་ན་ཟིང་འཁྲུག་གི་ཚད་མངོན་གསལ་གྱིས་ཇེ་དགའ་སོང་ཡོད་ལ། གྲོང་ཁྱེར་མང་བོར་མཚན་མོའི་ལྷིང་འཇགས་སླར་གསོ་བྱུང་ཡོད། ཚེས་གཉིས་ཉིན་གྱི་ས་སྲོད་ནས་ཚེས་གསུམ་ཉིན་གྱི་ཞོགས་པའི་བར། ཕཱ་རེ་སིའི་ཞང་ཞེ་ལོས་ཧྲི་སྲང་ལམ་ཆེན་མོ་ནས་གསར་འགོད་པས་མཐོང་བ་ལྟར་ན། བདེ་སྲུང་གི་འགན་ཁུར་བའི་ཉེན་རྟོག་པ་དང་ལམ་འགྲོ་བ་མ་གཏོགས། རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མི་ཚོགས་མཐོང་རྒྱུ་མེད་ལ། སྲང་ལམ་གྱི་སྣང་ཚུལ་ལྷིང་འཇགས་སུ་གྱུར་ཡོད། གསར་འགོད་པ་སྡོད་སའི་ཕཱ་རེ་སིའི་ཉེ་འདབས་ཀྱི་སེ་ནཱ་གོང་མ་ཞིང་ཆེན་གྱི་ཁི་ལེ་ཞེ་གྲོང་ཁྱེར་དུའང་དགོང་མོ་དེར་ཅུང་ལྷིང་འཇགས་རེད།

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཧྥ་རན་སིའི་སེ་ནཱ་གོང་མ་ཞིང་ཆེན་གྱི་ནན་ཐེ་ཨར་གྲོང་ཁྱེར་ནས། ཉེན་རྟོག་པ་ཞིག་གིས་རླངས་འཁོར་ཞིག་བཀག་རྗེས་མེ་མདས་བརྒྱབ་སྟེ་རླངས་འཁོར་བསྐོར་བའི་ལོ་བཅུ་བདུན་ཅན་གྱི་ན་གཞོན་ཞིག་བསད་པ་རེད། དོན་རྐྱེན་དེ་ལས་ཧྥ་རན་སིའི་ལས་རིགས་སོ་སོར་ཚུར་སྣང་དྲག་པོ་བྱུང་། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོ་ནས་བཟུང་། ཧྥ་རན་སིའི་གྲོང་ཁྱེར་མང་བོར་བསྟུད་མར་ཚད་མི་འདྲ་བའི་ཟིང་འཁྲུག་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།