ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱུང་ནས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།
2023.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཤིག་གིས་ཚེས་བཞི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པ་དང་མཉམ་དུ་ཡེ་མིན་ལྷོ་ནུབ་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་ནས་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཉུང་མཐར་ཡང་ཕྱོགས་གཉིས་ཀྱི་མི་དྲུག་རྐྱེན་ལམ་དུ་ཤོར།

མིང་བཤད་མི་འདོད་པའི་དཔོན་རིགས་དེས་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣ་ཉིན་དེར་སྲིད་གཞུང་དམག་དཔུང་གི་ཐཱ་དབྱེ་ཙི་ཞིང་ཆེན་དུ་ཡོད་པའི་དམག་དོན་རྟེན་གཞིར་ཡོང་རྩིས་བྱས་ཏེ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད། འཁྲུག་རྩོད་ལས་སྲིད་གཞུང་དམག་དཔུང་གི་དམག་མི་གཉིས་དང་ཧུའུ་སེ་དྲག་ཆས་པའི་མི་སྣ་བཞི་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ཧུའུ་སེ་དྲག་ཆས་པས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། གྲོང་ཁྱེར་ཆེན་མོ་དག་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་བཞིན་ཡོད། མིག་སྔར་ཐཱ་དབྱེ་ཙི་གྲོང་ཁྱེར་གྱི་ས་ཁུལ་མང་ཆེ་བ་དང་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་གཞན་པའི་བར་གྱི་འབྲེལ་མཚམས་བཅད་ཡོད་པ་དང་། དངོས་ཟོང་སོགས་རི་ལམ་བརྒྱུད་དེ་སྐྱེལ་འདྲེན་བྱེད་དགོས། ཐཱ་དབྱེ་ཙི་གྲོང་ཁྱེར་ཉེ་འདབས་ཀྱི་གཞུང་ལམ་སྒོ་འབྱེད་བྱེད་པ་ནི་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་ཞི་བའི་གྲོས་མོལ་བྱེད་པའི་ནང་དོན་གལ་ཆེན་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།