ཐེ་གོའི་སྐབས་གསར་བའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མས་ཚེས་བཞི་ཉིན་མི་རིགས་ཏང་གི་ཏང་གཙོ་ཝན་ནོའུ་སྐབས་གསར་བའི་གྲོས་ཁང་ཞོལ་མའི་གྲོས་དཔོན་དུ་བསྐོ་འཇོག་བྱས།
ཉིན་དེར། རྒྱང་འཇུག་ཏང་དང་ཐེ་གོའི་ཆེད་ཏང་གཙོ་བྱས་པའི་ཏང་ཁག་བརྒྱད་ཀྱི་མནའ་འབྲེལ་གྱིས་མནའ་འབྲེལ་དེའི་ནང་གི་མི་རིགས་ཏང་གི་ཏང་གཙོ་ཝན་ནོའུ་ལ་གྲོས་ཞུགས་ཁང་གི་གྲོས་དཔོན་གྱི་ལས་འགན་ཁུར་དུ་འཇུག་རྒྱུའི་མིང་འདོན་བྱས་པ་དང་། ཁོ་ནི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་པའི་ཆ་ནས་ཐད་ཀར་དུ་བདམས་ཐོན་བྱུང་བ་རེད། ཝན་ནོའུ་ཡིས་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཁོས་མངོན་གསལ་དང་རྣམ་དག་གི་རྩ་དོན་གཞིར་བཟུང་ནས་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། བཅའ་ཁྲིམས་དང་གྲོས་ཁང་གི་གྲོས་དོན་སྒྲིག་ཡིག་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།
དེ་ནི་ད་ལོར་ལོ་དོན་དགུ་ཡིན་པའི་ཝན་ནོའུ་ཡིས་ཐེངས་གཉིས་པར་གྲོས་ཁང་ཞོལ་མའི་གྲོས་དཔོན་གྱི་འགན་ཁུར་བ་རེད། ཁོས་སྔོན་ཆད་ཀྱི་ཙུང་ལི་ཐཱ་ཞིན་གྱིས་སྲིད་སྐྱོང་བའི་སྐབས་སུ་ཙུང་ལི་གཞོན་པའི་འགན་ཡང་ཁུར་མྱོང་བ་རེད།
ཐེ་གོའི་རྩ་ཁྲིམས་ལྟར་ན། གྲོས་ཁང་ཞོལ་མའི་གྲོས་དཔོན་གྱིས་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་དགོས་པ་དང་། གྲོས་ཁང་གོང་མའི་གྲོས་དཔོན་གྱིས་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་དགོས། སྐབས་གསར་བའི་རྒྱལ་ཚོགས་བཙུགས་རྗེས། རྒྱལ་ཚོགས་ཀྱི་ཀྲུའུ་ཞིས་གྲོས་ཁང་གོང་འོག་གཉིས་ཀྱི་གྲོས་མི་བདུན་བརྒྱ་དང་ལྔ་བཅུ་ཚང་མ་བསྡུས་ནས། སྲིད་འཛིན་ཏང་ཁག་སོ་སོས་མཚམས་སྦྱོར་བྱས་པའི་ཙུང་ལིའི་འདེམ་སྒུག་མི་སྣར་བརྡས་གཅོད་བྱེད་དགོས་པ་དང་། གྲོས་ཁང་གོང་འོག་གཉིས་ཀྱི་གྲོས་མི་ཚང་མའི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་པའི་འདེམ་སྒུག་པ་ཙུང་ལིར་བདམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།