ཨེ་ཅིབ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཚེས་བཞི་ཉིན་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་དེ་གཞུང་ཚབ་ཆེན་མོ་རིམ་པ་སླར་གསོ་བྱས་ནས་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་པར་འཐད་པ་བྱུང་ཡོད་ཟེར།
ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ཁབ་ཏུ་མངག་གཏོང་བྱེད་པའི་གཞུང་ཚབ་ཆེན་མོ་བསྐོ་འཇོག་བྱས་ཡོད་པ་དང་། བྱ་སྤྱོད་དེ་ལས་ཕྱོགས་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་བ་མཚོན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དེ་ལས་ཨེ་ཅིབ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ཆེད་དུ་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་རེ་འདུན་ཀྱང་མངོན་པར་མཚོན་ཡོད་ཟེར།
ཐུར་ཁེའི་སྲིད་གཞུང་གིས་ཉིན་དེར་ཨེ་ཅིབ་སྲིད་གཞུང་དང་མཉམ་དུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་དང་ཨེ་ཅིབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བའི་གཞུང་ཚབ་ཆེན་མོ་རིམ་པ་སླར་གསོ་བྱེད་རྒྱུ་ཡིན་པ་དང་། ཐུར་ཁེ་ཡིས་ཨེ་ཅིབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོ་བསྐོ་འཇོག་བྱས་ཡོད་ཟེར། ཐུར་ཁེ་དང་ཨེ་ཅིབ་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་བ་ལས་རྒྱལ་ཁབ་གཉིས་ཀྱིས་མི་དམངས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་བཏང་བ་མཚོན་ཐུབ།
ཉིས་སྟོང་བཅུ་གསུམ་ལོར་ཨེ་ཅིབ་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་གོ་གནས་ལས་ཕབ་རྗེས། ཨེ་ཅིབ་དང་ཐུར་ཁེའི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་དེའི་རྗེས་སུ་ཕྱི་ཕྱོགས་འབྲེལ་བའི་རིམ་པ་ཇེ་དམའ་རུ་བཏང་། ཐུར་ཁེ་དང་ཨེ་ཅིབ་ཀྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་མཐོ་རིམ་ཕྱི་འབྲེལ་དཔོན་པོའི་གྲོས་མོལ་མགོ་བརྩམས། ད་ལོའི་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་མྱུར་མོར་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་མཐོར་འདེགས་དང་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་རྒྱུར་འཐད་པ་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།