ཟླ་བདུན་པའི་ཚེས་གསུམ་ཉིན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་མེན་སི་ཁིའི་ཉེ་འདབས་ཀྱི་གཟི་བརྗིད་སྒང་གི་རྗེས་དྲན་རྡོ་རིང་མདུན་དུ་མེ་ཏོག་གི་ཕྲེང་བ་འབུལ་བཞིན་པ།
ཟླ་བདུན་པའི་ཚེས་གསུམ་ཉིན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་མེན་སི་ཁིའི་ཉེ་འདབས་ཀྱི་གཟི་བརྗིད་སྒང་གི་རྗེས་དྲན་རྡོ་རིང་མདུན་གཏམ་བཤད་སྤེལ་བཞིན་པ།
ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཚེས་གསུམ་ཉིན་བྱ་འགུལ་སྣ་ཚོགས་སྤེལ་ཏེ། རྒྱལ་ཁབ་རང་བཙན་ཉིན་མོ་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མན་གྱི་ཧྥ་ཞི་སིའི་བཙན་བཟུང་འོག་བཅིངས་འགྲོལ་བཏང་ནས་ལོ་ངོ་དོན་དགུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་མེན་སི་ཁིའི་ཉེ་འདབས་ཀྱི་གཟི་བརྗིད་སྒང་གི་རྗེས་དྲན་རྡོ་རིང་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ་ནས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཨུ་རུ་སི་དཀར་པོས་སུའུ་ལེན་མི་དམངས་ཀྱིས་རྒྱལ་སྲུང་འཐབ་འཁྲུག་སྐབས་བཞག་པའི་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་ཞུ་བཞིན་ཡོད་ཅིང་། ཨུ་རུ་སི་དཀར་པོས་ལོ་རྒྱུས་བརྗེད་མི་རུང་བ་དང་ནཱ་ཚོས་གསར་བ་འབྱུང་དུ་འཇུག་མི་སྲིད་ཟེར། བྱ་འགུལ་ལ་ཞུགས་པའི་མི་སྣ་དག་གིས་རྗེས་དྲན་རྡོ་རིང་གི་མདུན་ནས་མཉམ་གཅིག་ཏུ་སྐར་མ་གཅིག་གི་རིང་ལ་མྱ་ངན་ཞུས།
ཉིན་དེར་ཨུ་རུ་སི་དཀར་པོ་དང་། ཨུ་རུ་སི། ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་རྒྱལ་ཁབ་བཞིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཉིས་བརྒྱ་མེ་འཁོར་ལ་བསྡད་དེ་མེན་སི་ཁི་རུ་འབྱོར་ནས་མཉམ་དུ་བྱ་འགུལ་ལ་ཞུགས།
ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་ནི་གཟའ་མཇུག་ལ་འཁེལ་ཡོད་པས། རྒྱལ་ཡོངས་ཀྱི་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་བསྟུད་མར་ཉིན་གསུམ་ལ་སྤེལ་བ་དང་། བྱ་འགུལ་གྱི་ནང་དོན་ལ་འཐབ་འཁྲུག་གི་རྣམ་པ་ཡང་བསྐྱར་མངོན་པར་བྱེད་པ་དང་དགོང་ཚོགས། ཚོན་ལྡན་ཤོག་སྦགས་གཏོང་བ་སོགས་འདུས།
གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོའི་ལོ་མཇུག་ཏུ། ཨུ་རུ་སི་དཀར་པོའི་དམངས་ཡོངས་ཀྱིས་བརྡས་གཅོད་བྱས་པ་བརྒྱུད། ཟླ་བདུན་པའི་ཚེས་གསུམ་ཉིན་དེ་ཨུ་རུ་སི་དཀར་པོའི་རང་བཙན་ཉིན་མོར་གཏན་འཁེལ་བྱས་ཏེ། གཅིག་སྟོང་དགུ་བརྒྱ་ཞེ་བཞི་ལོའི་ཟླ་བདུན་པའི་ཚེས་གསུམ་ཉིན་འཇར་མན་གྱི་ཧྥ་ཞི་སིའི་བཙན་བཟུང་འོག་བཅིངས་འགྲོལ་བཏང་བར་རྗེས་དྲན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།