ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ལི་ལཱ་ཧྥ་ལན་གྱིས་ཚེས་ལྔ་ཉིན་ཕཱ་རེ་སི་ནས་བསྟན་དོན། མིག་སྔའི་འཛམ་གླིང་ཧྲིལ་བོ་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་པ་དང་། ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་བགྲོད་ལམ་གདམ་གསེས་བྱས་ཡོད་ཟེར།
ལཱ་ཧྥ་ལན་གྱིས་ཉིན་དེར་སྤེལ་བའི་སྐབས་བརྒྱད་པའི་ཀྲུང་གོ་དང་ཧྥ་རན་སིའི་ཚོང་རྟགས་གྲགས་ཅན་གྱི་མཐོ་རིམ་གླེང་སྟེགས་སྟེང་བཤད་རྒྱུར། ཧྥ་རན་སི་དང་ཀྲུང་གོ་གཉིས་ལ་སྒོ་འབྱེད་ཀྱི་རིག་གནས་སྲོལ་རྒྱུན་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་མི་དམངས་བར་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པར་འབད་འབུངས་བྱེད་བཞིན་ཡོད། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་ནི་ལོ་རྒྱུས་རང་བཞིན་ལྡན་པ་དང་། འཛམ་གླིང་ཡོངས་ཀྱི་གནས་བབ་འོག ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་ཟེར།
ཧྥ་རན་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལུའུ་ཧྲ་ཡེ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། མཐོ་རིམ་བར་གྱི་འགྲོ་འོང་གོ་སྐབས་སུ་བྱས་ནས། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པ་དང་། དངོས་གཉེར་མཉམ་ལས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བཞིན་ཡོད་ལ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་དེ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་སྟེ། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་སྔར་ལས་གཏན་འཇགས་དང་དྲང་ཕྱོགས་ཀྱི་ནུས་ཚད་ཁ་སྣོན་བྱེད་དགོས་ཟེར།
སྐབས་འདིའི་ཀྲུང་གོ་དང་ཧྥ་རན་སིའི་ཚོང་རྟགས་གྲགས་ཅན་གྱི་མཐོ་རིམ་གླེང་སྟེགས་དེ་ཨེ་ཧྥེ་ཨར་ལྕགས་སྡོང་མཆོད་རྟེན་ནས་སྤེལ། ཡུལ་དངོས་ནས་ཀྲུང་གོའི་རྒྱལ་དམངས་ཚོང་རྟགས་ཀྱི་དཔེ་དབྱིབས་ཐོན་རྫས་མང་བོ་འགྲེམ་སྟོན་བྱས་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་ཚོགས་ཞུགས་མཁན་བརྒྱ་ཕྲག་ཙམ་ཚོགས་རར་ཡོང་ནས་ཚོང་རྫས་ལ་བལྟས། གླེང་སྟེགས་ཀྱིས་ད་རུང་ཚོང་རྟགས་གྲགས་ཅན་གྱི་འཐུས་མིའི་འཁྲབ་བཤད་དང་སྒོར་ཅོག་གྲོས་མོལ་སོགས་ཀྱི་བྱ་འགུལ་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།