ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་མིར་དབྱི་སི་རལ་གྱི་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟོལ་མེད་ཀྱིས་ནུས་ལྡན་བྱེད་ཐབས་ལག་བསྟར་བྱས་ནས། ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དབྱི་སི་རལ་གྱི་གནོད་པ་ཐེབས་པར་སྔོན་འགོག་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཁེ་རོ་ནས་བསྡུས་པའི་རྒྱུན་སྡོད་འཐུས་མི་རིམ་པའི་དམིགས་བསལ་གྲོས་ཚོགས་ནས་གསལ་སྒྲོག་སྤེལ་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་དེའི་ཁོངས་གཏོགས་རྒྱལ་ཁབ་སོགས་ཀྱི་བར་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཐོ་རིམ་འཚམས་འདྲི་དང་འབྲེལ་འདྲིས་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་དང་། དེའི་དམིགས་ཡུལ་ནི་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་གྲོས་ཆོད་ལག་བསྟར་བྱས་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རྣམ་པ་གང་རུང་གི་བཙན་འཛུལ་བྱེད་པའི་བྱ་སྤྱོད་མཇུག་སྒྲིལ་བར་བྱེད་རྒྱུ་མ་ཟད། ཁོ་ཚོར་རྒྱལ་སྤྱིའི་སྲུང་སྐྱོབ་འདོན་སྤྲོད་བྱེད་པའི་ཆེད་དུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ལག་བསྟར་བྱེད་ཐབས་མེད་ན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་སྐབས་བཅུ་བའི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་མུ་མཐུད་དུ་སྤེལ་དགོས་པའི་རེ་བ་འདོན་རྒྱུ་ཡིན་ཟེར། དེའི་ཞོར་དུ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ཨ་རབ་རྒྱལ་ཁབ་དག་གིས་སྟོབས་དང་ལྡན་པའི་ཕྱི་འབྲེལ་འགུལ་སྐྱོད་སྤེལ་བ་དང་། ཨ་རབ་རྒྱལ་ཁབ་དག་གི་ལངས་ཕྱོགས་གསལ་བོར་བསྟན་ནས། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་དམིགས་པའི་བཙན་འཛུལ་སྲིད་ཇུས་དང་བྱ་སྤྱོད་ཡོད་ཚད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།