མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ལྔ་ཉིན་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་རྒྱབ་སྐྱོར་བྱེད་པའི་དྲིལ་སྒྲོག་བྱ་འགུལ་ཅིག་སྤེལ་མགོ་བརྩམས།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བསྟན་དོན། ད་ལོའི་ཟླ་དགུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་སྔོན་ལ་བྱ་འགུལ་དེ་སྤེལ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཕྱོགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ཤིང་། མྱུར་དུ་འགུལ་སྐྱོད་སྤེལ་ནས། མཉམ་དུ་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གཏོང་ཆེད་ཡིན་ཟེར།
གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། དྲིལ་སྒྲོག་བྱ་འགུལ་དེས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ཚོན་ལྡན་འཁོར་ཆེན་རྨང་གཞིར་བྱས་པ་དང་། འགུལ་རྣམ་ཅན་གྱི་མཐོང་ཐོས་མ་ལག་ཆ་ཚང་ཞིག་བེད་སྤྱད་དེ་ཆ་འཕྲིན་སྣ་ཚོགས་བརྒྱུད་གཏོང་བྱས་ནས། མི་རྣམས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ཤེས་རྟོགས་མཐོར་འདེགས་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་འགུལ་སྐྱོད་ནུས་པ་མྱུར་དུ་མངོན་འགྱུར་བྱེད་རྒྱུ་རེད། དྲིལ་སྒྲོག་བྱ་འགུལ་གྱི་སྲོག་ཤིང་ལྟ་བུའི་གྲུབ་ཆ་ནི་མི་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མྱུར་དུ་འགུལ་སྐྱོད་སྤེལ་བའི་གྲོས་གཞིར་བརྟེན་ནས། ཉིས་སྟོང་ཉེར་གསུམ་ལོའི་གྲོས་རིམ་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་སྣ་བཅུ་བདུན་པོ་ཚང་མར་དམིགས་ནས་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།