ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་ནི་སྔར་བཞིན་རྫས་འགྱུར་རྡོ་སྣུམ་འབར་རྫས་ཀྱི་བློ་གཏད་རུང་བའི་མཉམ་ལས་གྲོགས་པོ་ཡིན་པའི་ཚུལ་བསྟན།
2023.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་ཀྲང་ཞི་ཡཱ་ཨར་ཏའོ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཧང་ག་རི་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ནི་ཧང་ག་རིའི་ནུས་ཁུངས་བདེ་འཇགས་ཀྱི་འགན་སྲུང་ཡིན་པ་དང་། ཨུ་རུ་སི་ནི་སྔར་བཞིན་རྫས་འགྱུར་རྡོ་སྣུམ་འབར་རྫས་མཁོ་འདོན་ཐད་ཀྱི་བློ་གཏད་རུང་བའི་མཉམ་ལས་གྲོགས་པོ་ཡིན་ཟེར།

ཧང་ག་རིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཞི་ཡཱ་ཨར་ཏའོ་ཡིས་ཉིན་དེར་པུའུ་ཏཱ་ཕའེ་སི་རུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཨུ་རུ་སིའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ལཱ་ཧྲི་ཁི་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཨུ་རུ་སི་མེད་ན། ཧང་ག་རིའི་ནུས་ཁུངས་དགོས་མཁོ་བསྐང་ཐབས་མེད་ཟེར། ཁོས་བསྟན་དོན། ཨུ་རུ་སི་ཡིས་ད་ལོར་ཧང་ག་རི་ལ་རང་བྱུང་སོལ་རླངས་སྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་རྩིས་སྤྲོད་བྱས་ཡོད་པ་དང་། མཛའ་བཤེས་སྣུམ་འདྲེན་སྦུག་ལམ་བརྒྱུད་དེ་ཧང་ག་རི་ལ་མ་བཅོས་རྡོ་སྣུམ་སྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་སྐྱེལ་འདྲེན་བྱས་ཡོད་ཟེར།

ཞི་ཡཱ་ཨར་ཏའོ་ཡིས་ད་རུང་བཤད་རྒྱུར། ཧང་ག་རི་དང་ཨུ་རུ་སིའི་མཉམ་ལས་བྱས་པའི་ཧང་ག་རིའི་པའོ་ཁི་ཧྲི་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་རྒྱ་བསྐྱེད་བཟོ་སྐྲུན་གྱི་གྲ་སྒྲིག་བྱ་བ་མགོ་བརྩམས་ཡོད་པ་དང་། ལས་གཞི་དེ་ནི་ཧང་ག་རིའི་ནུས་ཁུངས་མཁོ་འདོན་བདེ་འཇགས་ཀྱི་དུས་ཡུན་རིང་བོའི་འགན་སྲུང་ཡིན་ལ། ཧང་ག་རིའི་སྲིད་གཞུང་གིས་ཉིས་སྟོང་སུམ་ཅུ་ལོ་ནས་ཚེས་ཉེར་སོ་གཅིག་ལོའི་བར་ལས་གཞི་དེའི་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པར་རེ་ཡོད་ཟེར།

པའོ་ཁི་ཧྲི་ཉིང་རྡུལ་གློག་འདོན་ས་ཚིགས་ནི་ཧང་ག་རིའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གཅིག་པུ་ཡིན་པ་དང་། ཨུ་རུ་སི་ཡིས་འཛུགས་སྐྲུན་བྱས་པ་ཡིན་ལ། གློག་འདོན་ཚད་ཀྱིས་རྒྱལ་ཁབ་དེའི་གློག་བཀོལ་སྤྱོད་ཀྱི་ཕྱེད་ཀ་ཙམ་ཟིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།