ཕཱ་ཁི་སི་ཐན་སྲིད་གཞུང་གིས་བྱ་འགུལ་སྤེལ་ནས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བཙུགས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
2023.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཚེས་ལྔ་ཉིན་རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ལིའི་བཞུགས་ཤག་ནས་བྱ་འགུལ་སྤེལ་ཏེ། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བཙུགས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཉིན་དེའི་བྱ་འགུལ་གྱིས་དར་རྒྱས་ཀྱི་འགྲུལ་བཞུད་དེ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བཙུགས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཚི་ཞེ་ལི་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ལོ་ངོ་བཅུའི་རིང་ལ། ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་ལས་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་ལོ་རྒྱུས་སྟེང་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཕཱ་ཁི་སི་ཐན་དེ་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འཕར་ཚད་མྱུར་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར། ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བཟོ་སྐྲུན་པ་དང་འཛུགས་སྐྲུན་མཁན་གྲངས་མེད་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་བར་ཁྱམས་འཛུགས་སྐྲུན་བྱས་ནས་ལོ་རྒྱུས་གསར་བསྐྲུན་བྱས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་གསོན་ཤུགས་གསར་བས་མུ་མཐུད་དུ་བར་ཁྱམས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གོ་སྐབས་གསར་བ་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཕང་ཁྲོན་ཞོས་ཀྱིས་ཞུ་ཚིག་ཕུལ་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཆེས་ལེགས་འགྲུབ་བྱུང་བའི་ལས་གཞི་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་ལོ་ངོ་བཅུའི་རིང་ལ་བླངས་པའི་གྲུབ་འབྲས་དེ་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་དང་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕཱ་ཁི་སི་ཐན་ཕྱོགས་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་བསྐྱོད་བྱེད་པ་དང་། མཉམ་དུ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།