སྐབས་བརྒྱད་པའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བགྲོད་གླེང་ཚོགས་འདུ་ཚེས་ལྔ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་མགོ་བརྩམས་པ་དང་། རྒྱུན་མཐུད་དང་དཀྱེལ་ཡངས་རང་བཞིན་ལྡན་པའི་ནུས་ཁུངས་ཚུལ་བསྒྱུར་མངོན་འགྱུར་བྱེད་པར་གྲོས་བསྡུར་བྱས།
རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཧེ་སེ་མུའུ་ཀའེ་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ནུས་ཁུངས་ཚུལ་བསྒྱུར་གྱི་རྒྱུན་མཐུད་རང་བཞིན་ནི་དེང་སྐབས་ཀྱི་མི་དང་རྗེས་རབས་པའི་དགོས་མཁོ་དོ་མཉམ་ཡོང་བར་རག་ལས་ཡོད་པ་དང་། འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས་པར་མ་ཟད། ནུས་ཁུངས་ཚུལ་བསྒྱུར་གྱི་དཀྱེལ་ཡངས་རང་བཞིན་ནི་ཕྱོགས་སོ་སོའི་བསམ་ཚུལ་ལ་ཉན་ནས། ནུས་ཁུངས་ཚུལ་བསྒྱུར་མངོན་འགྱུར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་གནས་པའི་ཐབས་ལམ་མང་བོ་ངོས་ཟིན་དགོས་ཟེར།
རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། དམར་ཐིག་ཀུའེ་ནེ་ཡཱའི་གཏེར་ཐོན་དང་རྡོ་སྣུམ་རྫས་འགྱུར་པུའུ་ཀྲང་ཨན་ཏུང་ནེ་ཨོ་ཨོ་པུའུ་ལོ་ཝུན་ཏའོ་ཡིས་བསྟན་དོན། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནས་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ལས་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་གོ་སྐབས་གཙོ་བོར་གྲོས་བསྡུར་བྱས་ནས། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྡོ་སྣུམ་འཛད་སྤྱོད་རྒྱལ་ཁབ་བར་གྲོས་མོལ་མཉམ་ལས་ཀྱི་སྟེགས་བུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
སོ་ཏི་ཨ་རབ་ཀྱི་ནུས་ཁུངས་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཆི་ཙི་པིན་སཱ་ལེ་མན་གྱིས་དཔྱད་གླེང་ཚོགས་འདུའི་སྟེང་བཤད་རྒྱུར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཀྱིས་བསྟུད་མར་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱེད་དགོས་ཟེར།
ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་ཚོགས་ཡུན་ཉིན་གཉིས་ཡིན་ཞིང་། རྡོ་སྣུམ་ཐོན་སྐྱེད་དང་རྡོ་སྣུམ་འཛད་སྤྱོད་བྱེད་པའི་རྒྱལ་ཁབ་གཙོ་བོའི་དཔོན་རིགས་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་སྤྱིའི་ནུས་ཁུངས་ཀུང་ཟིའི་འཐུས་མི། ལས་རིགས་ཆེད་མཁས་པ་སོགས་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་འཐུས་མི་དག་གིས་ནུས་ཁུངས་ཚུལ་བསྒྱུར་དང་ནུས་ཁུངས་བདེ་འཇགས། ལག་རྩལ་གསར་གཏོད། ནུས་ཁུངས་དབུལ་སེལ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། གྲོས་ཚོགས་སྐབས་ད་རུང་པུའུ་ཀྲང་རིམ་པའི་གྲོས་ཚོགས་དང་མཐོ་རིམ་སྒོར་ཅོག་གྲོས་ཚོགས་སོགས་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།