ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་མཉམ་ལས་བྱས་ནས་ལོ་ངོ་ལྔ་བཅུ་འགོར་བའི་རྗེས་དྲན་བྱ་འགུལ་ཏེ་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་བྱ་འགུལ་གཙོ་བོ་ཚེས་དྲུག་ཉིན་གྱི་དགོང་མོར་རི་ནེ་ཝ་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཅན་ཁྲོན་དང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲིན་ཁྲང་ཡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་དུ་རྒྱུན་དུ་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ། ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞེ་ཏུང་། པེ་ཅིང་གྲོང་ཁྱེར་གྱི་འཐུས་མི། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཐུས་མི། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏུན་ཧོང་སིན་དང་དེའི་མཐོ་རིམ་དོ་དམ་ཚོགས་ཁག་གི་ཁོངས་མི། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྐབས་རེ་བཞི་བའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་ཀྲུའུ་ཞི་མའོ་ཨར་ཆེ་ཨན། དེ་མིན་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་གྱི་རྒྱལ་ཁབ་སོ་སོའི་འཐུས་མི་བཅས་བྱ་འགུལ་ལ་ཞུགས།
ཧྲིན་ཁྲང་ཡུས་ཀྱིས་བསྟན་དོན། གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར། ཀྲུང་གོའི་སྲིད་གཞུང་གིས་ཐོག་དང་པོར་རི་ནེ་ཝ་རུ་འཐུས་ཚབ་ཚོགས་པ་མངག་ནས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་མགོ་བརྩམས་པ་རེད། ལོ་ངོ་ལྔ་བཅུའི་རིང་ལ། ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཅང་མ་འགོར་བའི་སྔོན་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་མཉམ་ལས་བྱས་ནས་ལོ་ངོ་ལྔ་བཅུ་འགོར་བའི་རྗེས་དྲན་དང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་གཙོ་བོར་རྟེན་འབྲེལ་ཞུ་བའི་འགློག་འཕྲིན་བཏང་བ་དང་། ཙུང་ལི་ལིས་ཆང་གིས་སྤྱི་ཁྱབ་ལས་འཛིན་པ་ཏུན་ཧོང་སིན་ལ་མཇལ་འཕྲད་གནངས། ཙུང་ལི་གཞོན་པ་ཏེན་ཞོས་ཞང་བྱ་འགུལ་གཙོ་བོར་ཞུགས་ཏེ་ཞུ་ཚིག་ཕུལ། དེ་དག་ལས་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་མཉམ་ལས་ལ་ཁྲིད་སྟོན་དང་སྐུལ་འདེད་བཏང་ཡོད། གོ་རིམ་རྗེས་མའི་ནང་ཀྲུང་གོ་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་ཕྱོགས་མང་ལས་དོན་ཁྲོད་ཟབ་ཞུགས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཤེས་བྱའི་ཐོན་དབང་གི་བཅོས་སྐྱོང་མ་ལག་དེ་སྔར་ལས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཏུན་ཧོང་སིན་གྱིས་བསྟན་དོན། འདས་པའི་ལོ་ལོ་ལྔ་བཅུའི་རིང་ལ། ཀྲུང་གོའི་ཤེས་བྱ་འི་ཐོན་དབང་ལས་དོན་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཀྲུང་གོས་གསར་གཏོད་དང་ཤེས་བྱ་འི་ཐོན་དབང་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཤེས་བྱའི་ཐོན་དབང་གི་སྐྱེ་ཁམས་མ་ལག་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བྱ་འགུལ་སྤེལ་སྐབས། ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་མཉམ་ལས་ཀྱི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་པར་རིས་འདྲེན་སྟོན་དང་། ཀྲུང་གོར་དབང་ཆ་བསྩལ་ནས་བཀག་མེད་དཔེ་ཆའི་མཉམ་འབྲེལ་ལྷན་ཚོགས་ལ་ཞུགས་པའི་འཛམ་གླིང་ཡོངས་ཀྱི་དཔེ་ཆའི་ཞབས་ཞུའི་མཛད་སྒོ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན། འབྲེལ་ཡོད་ཀྱི་བརྙན་རིས་དང་གསར་གཏོད་ཐོན་རྫས་ཀྱི་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་བ་དང་། ཀྲུང་གོས་གསར་གཏོད་འཕེལ་རྒྱས་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་སོགས་ཐད་ནས་བླངས་པའི་གྲུབ་འབྲས་དྲིལ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།