ཚོགས་ཡུན་ཉིན་གསུམ་ཡིན་པའི་ཅཱ་ལེ་པུས་ཐུན་མོང་ཚོགས་པའི་སྐབས་ཞེ་ལྔ་བའི་སྲིད་གཞུང་གི་མགོ་གཙོའི་གྲོས་ཚོགས་ཚེས་ལྔ་ཉིན་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་རྒྱལ་ས་སི་ཕན་གྲུ་ཁ་ནས་གྲོལ། གྲོས་ཚོགས་ནས་ཅཱ་ལེ་པུས་ཐུན་མོང་ཚོགས་པ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་རིང་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ས་ཁོངས་ཀྱི་མཐུན་སྒྲིལ་དང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
ཅཱ་ལེ་པུས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྲིད་གཞུང་མགོ་གཙོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི། ཧན་གོའི་ཙུང་ལི་ཧན་ཏི་ཀྲུའུ། རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མཱེ་སོགས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། ས་ཁོངས་ཉོ་ཚོང་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པར་མ་ཟད། མུ་མཐུད་དུ་ཧེ་ཐིའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ཅཱ་ལེ་པུས་ཐུན་མོང་ཚོགས་པའི་དྲུང་ཡིག་ཆེན་མོ་པཱ་ནེ་ཐི་ཡིས་གྲོས་ཚོགས་སྟེང་བསྟན་དོན། དུས་རབས་ཕྱེད་ཀའི་རིང་ལ། ཅཱ་ལེ་པུས་ཐུན་མོང་ཚོགས་པས་ས་ཁོངས་དང་རྒྱལ་སྤྱིའི་རིམ་པ་ནས་རྨང་གཞི་བརྟན་པོ་བཙུགས་ཡོད་ལ། རྒྱལ་ཁབ་ཆུང་བའི་བར་དུ་མཉམ་ལས་དང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་རང་སྟེང་གི་ཚད་བཀག་རང་བཞིན་ཁྱད་བསལ་བྱས་ཆོག་པ་བདེན་དཔང་ཐོབ་ཡོད། འགྱུར་ལྡོག་བྱེད་བཞིན་པའི་འཛམ་གླིང་གི་གནས་བབ་མདུན་ནས། ཅཱ་ལེ་པུས་ཐུན་མོང་ཚོགས་པས་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་བསྟུན་ནུས་མངོན་པར་བྱེད་དགོས་ཟེར།
ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་ཙུང་ལི་ལོ་ལེ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཅཱ་ལེ་པུས་ས་ཁུལ་གྱིས་ནམ་ཟླའི་འགྱུར་ལྡོག་དང་པྲོག་གསར་གློ་ཚད་རིམས་ནད། སྤྱི་ཚོགས་དྲག་ཤུགས་སོགས་སྔར་བྱུང་མ་མྱོང་བའི་འགྲན་རྩོད་མདུན་ནས་བློ་སྤོབས་དང་བློ་གྲོས་མངོན་པར་བྱས་ཡོད་ལ། ཅཱ་ལེ་པུས་ཐུན་མོང་ཚོགས་པ་འཕེལ་རྒྱས་སུ་གཏོང་བ་ནི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་དོན་གལ་ཆེན་ཡིན་པས། ངེས་པར་དུ་སྔར་ཡོད་ཀྱི་རྐྱེན་སྲོལ་ལ་ཤུགས་སྣོན་དང་རྐྱེན་སྲོལ་གསར་བ་ཁ་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས་ཟེར།
ཅཱ་ལེ་པུས་ཐུན་མོང་ཚོགས་པ་ནི་གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་བཙུགས་པ་དང་། མིག་སྔར་ཨན་ཐིས་བཀའ་དང་པཱ་པུའུ་ཏཱ། པཱ་ཧཱ་མཱ། པཱ་པཱ་ཏའོ་སི་སོགས་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད། རྩ་འཛུགས་དེས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། མི་གཞུང་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་གནད་དུ་བཟུང་ནས། ས་ཁོངས་གཞི་གཅིག་ཅན་དང་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཡར་སྐུལ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།