མའོ་ཞི་ཁོ་ལྷོ་ཕྱོགས་ཀྱི་ཝ་ཧཱ་ཁཱ་མངའ་སྡེ་རུ་ཚེས་ལྔ་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་ཟེར།
ཝ་ཧཱ་ཁཱ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ལོ་མཱེ་ལོ་ཡིས་ཚེས་ལྔ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དོན་རྐྱེན་དེ་ནི་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། རྒྱལ་ས་མའོ་ཞི་ཁོ་མཁར་ནས་ལམ་དུ་ཆས་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཝ་ཧཱ་ཁཱ་མངའ་སྡེའི་མཱ་ཀི་ཏཱ་ལེ་ནཱ་དང་ཕའེ་ནེ་ཡཱ་སི་ཁི་གྲོང་ཁྱེར་དུ་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་ལོག་པ་དང་། དེའི་རྗེས་སུ་གཏིང་ཚད་ལ་སྨིད་ཉེར་ལྔ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད། མིག་སྔར་ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ལོ་མཱེ་ལོ་ཡིས་རྨས་ཕོག་པའི་མི་གྲངས་གསལ་བོར་བཤད་མེད་ཀྱང་། ཁོས་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉུང་མཐར་ཡང་མི་བཅུ་བདུན་ལ་དོན་རྐྱེན་དེའི་ཁྲོད་རྨས་ཕོ་གཡོད་ཟེར།
ཝ་ཧཱ་ཁཱ་མངའ་སྡེའི་མགོ་བ་ཧཱ་ལཱ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ས་གནས་འཕྲོད་བསྟེན་དང་སྤྱི་བའི་བདེ་འཇགས། དམངས་སྲུང་སོགས་སྡེ་ཁག་གིས་མི་མངག་ནས་རྒུད་སྐྱོབ་བྱེད་བཞིན་ཡོད་པར་མ་ཟད་རྨས་མར་རོགས་རམ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།