ཐུར་ཁེ་དང་སུའེ་ཏེན། བྱང་ཆིངས་རྩ་འཛུགས་བཅས་ཀྱིས་ཚེས་དྲུག་ཉིན་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་བ་དང་། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཐུར་ཁེ་སྔར་བཞིན་ཡིད་འཐད་བྱུང་མེད་ཀྱང་། ཕྱོགས་གསུམ་གྱིས་ཚེས་བཅུ་ཉིན་ཝེ་ཨར་ཉིག་སིའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་མགོ་མ་བརྩམས་གོང་ཡང་བསྐྱར་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་ཡོད།
ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་དང་། སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་པུས་ཨར་སི་ཐི་ལོན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་བཅས་ཉིན་དེའི་གྲོས་མོལ་ལ་ཞུགས། ཧྥེ་ཏན་གྱིས་གྲོས་མོལ་བྱས་རྗེས་བསྟན་དོན། བྱང་ཆིངས་རྩ་འཛུགས་ནང་ཞུགས་འདོད་པའི་རྒྱལ་ཁབ་ཀྱིས་ངེས་པར་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ནས་ངེས་པར་དུ་ལངས་ཕྱོགས་བརྟན་པོ་འཛིན་དགོས་པའི་རེ་བ་བཏོན། སུའེ་ཏེན་གྱིས་ཁྲིམས་འཛུགས་བཅོས་བསྒྱུར་ཐད་བྱེད་ཐབས་ལག་བསྟར་བྱས་ཡོད་ཀྱང་། ཁྲིམས་འཛུགས་བཅོས་བསྒྱུར་དེ་ལག་ལེན་ཁྲོད་ནས་མངོན་པར་བྱེད་དགོས། སུའེ་ཏེན་གྱིས་ཐུར་ཁེའི་ལངས་ཕྱོགས་ལ་གནོད་པ་ཐེབས་པའི་དཀྲུག་འཕེན་བྱ་སྤྱོད་རེ་འགར་བཀག་འགོག་བྱས་མེད་ཟེར།
སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་ཕན་འབྲས་ལྡན་པའི་གྲོས་ཚོགས་ཤིག་ཡིན་པ་དང་། ཕྱོགས་གསུམ་གྱིས་གྲོས་མོལ་བྱེད་སྐབས་གཅིག་གྱུར་སྒོས་བལྟས་ན་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་དེ་མནའ་འབྲེལ་རྒྱལ་ཁབ་ཚང་མའི་བདེ་འཇགས་ཁེ་ཕན་དང་མཐུན་པར་འདོད་ཡོད་ཟེར།
བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་ཚོགས་རྒྱུ་རེད། སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། ཁོས་མཐོ་རིམ་གྲོས་ཚོགས་ཀྱི་སྔ་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་གཉིས་ཀྱིས་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར།
པུས་ཨར་སི་ཐི་ལོན་གྱིས་གྲོས་མོལ་བྱས་རྗེས་བསྟན་དོན། གྲོས་མོལ་ལ་གྲུབ་འབྲས་ཐོབ་ཡོད་པ་དང་། ཚོད་དཔག་བྱས་ན་གཟའ་འཁོར་རྗེས་མར་ཆོད་དོན་དགའ་ཞིག་འདོན་ཐུབ་ཟེར།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། སུའེ་ཏེན་དང་ཧྥུན་ལན་གྱིས་ལོ་དེའི་ཟླ་ལྔ་བར་དུས་མཉམ་དུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་བ་བཏོན་པ་རེད། ན་ནིང་ཟླ་བདུན་པར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུའི་འཐུས་མིས་ཧྥུན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ཆོད་དོན་ཡི་གེ་བཀོད་པ་རེད། སྒྲིག་སྲོལ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་ངེས་པར་དུ་གཅིག་གྱུར་ཡིད་འཐད་བྱུང་ན་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག་པ་རེད། ཧྥུན་ལན་ད་ལོའི་ཟླ་བཞི་བའི་ཚེས་བཞི་ཉིན་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་ཐོབ་ཡོད་ཀྱང་། ཐུར་ཁེ་དང་ཧང་ག་རི་ཡིས་ད་ལྟའི་བར་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དངོས་གཞིའི་ཆོག་མཆན་བཀོད་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།