ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ལྔ་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་དང་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་སྐུལ་འདེད་གཏོང་བ་ནི་ཁི་ལི་སི་ཐི་སུང་གིས་ཉིན་དེར་ཨ་མེ་རི་ཁའི་ཕྱོགས་དང་མཉམ་དུ་གྲོས་བསྡུར་བྱེད་པའི་གྲོས་གཞི་གལ་ཆེན་ཞིག་རེད། ཕྱོགས་གཉིས་ཀྱི་ཚོགས་ཁག་གིས་གསང་བའི་གྲོས་མོལ་མ་བྱས་གོང་། པེད་ཏིན་གྱིས་ཕོ་བྲང་དཀར་པོའི་འཇོངས་དབྱིབས་གཞུང་སྒྲུབ་ཁང་ནས་ཁི་ལི་སི་ཐི་སུང་ལ་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། སུའེ་ཏེན་ལ་བྱང་ཆིངས་རྩ་འཛུགས་དང་གཅིག་མཐུན་གྱི་རིན་ཐང་ལྟ་བ་ཡོད་ལ། བྱང་ཆིངས་རྩ་འཛུགས་ནང་ཞུགས་རྗེས་མནའ་འབྲེལ་དེ་སྔར་ལས་སྟོབས་ལྡན་དུ་འགྱུར་སྲིད་ཟེར།
ཁི་ལི་སི་ཐི་སུང་གིས་བསྟན་དོན། སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་སྤྱིའི་བདེ་འཇགས་ཐད་བྱས་རྗེས་འཇོག་ཐུབ་པ་དང་། ཨ་མེ་རི་ཁས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གནད་དོན་ཐད་ནས་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་རིན་ཐང་ལྟ་བ་དང་སྲིད་ཇུས་གཟིགས་སྐྱོང་གཙོར་འཛིན་པའི་གཅིག་གྱུར་རང་བཞིན་གླེང་བ་དང་། དེའི་ནང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་ཝུའུ་ཁི་ལན་ལ་དམག་དོན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་འདུས།
པེད་ཏིན་སྲིད་གཞུང་གིས་སུའེ་ཏེན་རྒྱལ་ཁབ་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཐུར་ཁེ་ཡིས་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པས། དུས་ཡུན་ཐུང་ངུའི་ནང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་ཐོབ་པར་རེ་བ་ཆེན་པོ་མེད་ཟེར།
ཐུར་ཁེའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ལྔ་ཉིན་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་ཁ་པར་གཏོང་སྐབས་བསྟན་དོན། ཉེ་བའི་ཟླ་ངོ་འགའི་རིང་ལ། སུའེ་ཏེན་སྲདི་གཞུང་གིས་རྒྱལ་ནང་གི་ཐུར་ཁེའི་ཁུའུ་ཨར་ཏི་བཟོ་བའི་ཏང་ལ་བརྩེ་བ་སྟོན་པའི་སྟོབས་ཤུགས་ཀྱིས་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་མུ་མཐུད་དུ་རང་དབང་སྒོས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ནས་འཇིགས་སྐུལ་རིང་ལུགས་ལ་བསྟོད་ར་བྱེད་པར་ཆོག་མཆན་བཀོད་ཡོད་ལ། དེ་ལས་སུའེ་ཏེན་གྱིས་རང་ཉིད་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཐུར་ཁེ་ཡིད་འཐད་འབྱུང་བར་བརྩོན་ལེན་བྱེད་པའི་བྱ་བ་དེ་འབྲས་མེད་དུ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།