མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་སྲུང་འཛིན་ཐུབ་པར་རེ་བཞིན་པའི་ཚུལ་བསྟན།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཀུའུ་ཐི་ལོས་སི་ཡིས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་སྲུང་འཛིན་ཐུབ་པར་རེ་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་དེས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་མེད་མི་རུང་བའི་ནུས་པ་ཐོན་བཞིན་ཡོད་པའི་ཚུལ་བསྟན་པ་དང་། མུ་མཐུད་དུ་ན་ནིང་ཟླ་བདུན་པར་བཀོད་པའི་དབྱི་སི་ཐན་པོར་གྲོས་མཐུན་ཆ་ཚང་ལག་བསྟར་དངོས་འབེབས་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲུ་རིགས་དང་ལུད་རྫས་དག་བདེ་བླག་དང་ནུས་མཐོ། གཞི་རྒྱ་ཆེ་བའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་ཚོང་རར་འདྲེན་པར་འགན་སྲུང་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་དང་དེའི་ཚོགས་ཁག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་འབད་འབུངས་བྱེད་བཞིན་ཡོད་ལ། ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་སོ་སོའི་བར་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། འབྲེལ་ཡོད་ཕྱོགས་སོ་སོས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གཙོར་འཛིན་དགོས་པའི་རེ་བ་བཏོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།