འཇར་པན་དམངས་ཁྲོད་ཚོགས་ཁག་གིས་མི་འབུམ་གཉིས་དང་ཁྲི་ལྔས་མིང་བཀོད་དེ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

འཇར་པན་སྨྱན་བྱད་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། འཇར་པན་ཧྥུའུ་ཏའོ་རྫོང་དང་ཀུང་ཁྲིན་རྫོང་གི་དམངས་ཁྲོད་ཚོགས་ཁག་བཞི་ཡིས་ཚེས་བདུན་ཉིན་ཏུང་ཅིང་གློག་ཤུགས་ཀུང་ཟིར་མི་འབུམ་གཉིས་དང་ཁྲི་ལྔས་མིང་བཀོད་པའི་རེ་ཞུ་སྤྲད་དེ། ཏུང་ཅིང་གློག་ཤུགས་ཀུང་ཟིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་མི་གཏོང་བར་བྱེད་ཐབས་གཞན་པ་སྤྱད་ནས་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས་བདུན་ཉིན་ལུའུ་ཐིག་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུའི་ཐག་གཅོད་ཀྱི་ཕྱོགས་བསྡུས་དཔྱད་འཇོག་ལ་ཞུགས་པའི་ཆེད་མཁས་པའི་གྲས་སུ་བསམ་འཆར་མི་འདྲ་བ་ཡོད་པ་ཁས་ལེན་བྱས་པ་དང་། ཆེད་མཁས་པ་སྐོར་ཞིག་གིས་དཔྱད་འཇོག་སྙན་ཞུའི་སྡོམ་ཚིག་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།