པཱ་ཞི་ནས་ཐོག་ཁང་རྡིབས་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

པཱ་ཞིའི་བྱང་ཤར་ཕྱོགས་ཀྱི་ལོས་ཞི་ཕའེ་གྲོང་ཁྱེར་གྱི་དམངས་སྲུང་སྡེ་ཁག་དང་མེ་གསོད་སྡེ་ཁག་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། གྲོང་ཁྱེར་དེར་ཉིན་དེའི་ཞོགས་པར་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཁང་བའི་བཤིག་རོའི་འོག་མནན་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་བར། རྐྱེན་ལམ་དུ་ཤོར་བ་དང་གར་སོང་རྙེད་མེད་པ་ལས་གཞན། མི་བཞི་དོན་རྐྱེན་འབྱུང་སྐབས་བྲོས་ནས་ཐར་བ་དང་། མི་གསུམ་མེ་གསོད་མི་སྣས་བསྐྱབས་པ་རེད་ཟེར།

མེ་གསོད་སྡེ་ཁག་གིས་བཤད་རྒྱུར། དོན་རྐྱེན་དེ་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ་བྱུང་བ་རེད། ལོས་ཞི་ཕའེ་གྲོང་ཁྱེར་དུ་ཚེས་དྲུག་ཉིན་གྱི་དགོང་མོ་ནས་བཟུང་ཆར་བབས་པས། རྒུད་སྐྱོབ་བྱ་བར་དཀའ་ཁག་བཟོས་ཡོད་ཟེར།

དེ་ལས་གཞན་དམངས་སྲུང་སྡེ་ཁག་གིས་ཉེ་འདབས་ཀྱི་ཐོག་ཁང་གསུམ་ལའང་རྡིབས་པའི་ཉེན་ཁ་ཡོད་པ་ཤེས་ནས། ཐོག་ཁང་ནང་གི་སྡོད་དམངས་ཚང་མ་བདེ་འཇགས་ཀྱི་གནས་སུ་བསྐྱལ་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།