ཉི་ཁ་ལ་ཀྭ་ཡི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་རེད་ཅེས་བཤད།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉིན་འགའི་སྔོན་ལ། ཉི་ཁ་ལ་ཀྭ་ཡི་ཕྱི་འབྲེལ་པུའུ་ཀྲང་མིན་ཁཱ་ཏ་ཡིས་ཉིའུ་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོས་བཏོན་པའི་གྲོས་འགོ་རབ་དང་རིམ་པ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་དགེ་མཚན་དང་དོན་སྙིང་ཆེན་པོ་ལྡན་ཞེས་བཤད།

མིན་ཁཱ་ཏ་ཡིས་ཕྱོགས་མང་རིང་ལུགས་དང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོར་མིག་རྒྱང་རིང་བ་དང་མངོན་སྟངས་ཕུལ་དུ་བྱུང་བ་ཞིག་ཡོད། ཀྲུང་གོས་རྒྱལ་ཁབ་མི་འདྲ་བར་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། དངོས་གཉེར་མཉམ་ལས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་འཛམ་གླིང་དང་མཉམ་འབྲེལ་རྒྱལ་ཚོགས་བར་མཛའ་མཐུན་དང་མཐུན་སྒྲིལ། ནུས་ལྡན་བཅས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ཟེར།

མིན་ཁཱ་ཏ་ཡིས་ཀྲུང་གོས་ཚན་རྩལ་དང་ཚོང་ལས། རིག་གནས་སོགས་ཁྱབ་ཁོངས་རྒྱ་ཆེན་པོའི་ནང་ནས་འཛམ་གླིང་བར་འགྲོ་འོང་བྱས་ཏེ། མིའི་རིགས་སྤྱི་ཚོགས་ཀྱི་ཞི་བདེ་དང་བདེ་འཇགས། བརྟན་ལྷིང་བཅས་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོས་ཕན་ཚུན་བརྩི་འཇོག་བྱེད་པའི་སྒྲོམ་གཞིའི་ཁྲོད་དུ། འཛམ་གླིང་དང་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་བརྗེ་རེས་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་རྣམ་པ་བཟུང་ཡོད་ཟེར།

མིན་ཁཱ་ཏ་ཡིས་ཀྲུང་གོས་དབུལ་པོ་ཉུང་གཏོང་དང་ཚན་རྩལ་གསར་གཏོད་སོགས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་དེ་ནི། ཉི་ཁ་ལ་ཀྭ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་རུང་གི་དོན་སྙིང་ལྡན་ཞེས་བཤད།

མིན་ཁཱ་ཏ་ཡིས་ཉི་ཁ་ལ་ཀྭ་དང་ཀྲུང་གོའི་འབྲེལ་བ་སླར་གསོ་བྱས་པའི་ཚུན་ལ། ཕྱོགས་གཉིས་ཀའི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་ཚོང་ལས་སོགས་ལས་གཞིའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ལ་ཕན་པ་དངོས་བསྐྲུན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།