ཉིན་འགའི་སྔོན་ལ། ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་པུའུ་ཡི་སྤྱི་ཁྱབ་སི་ཀྲང་གཞོན་པ། ཨ་ཧྥེ་རི་ཁ་ལྷོ་མའི་གསེར་ཀྱོམ་རྒྱལ་ཁབ་ཀྱི་ལས་དོན་མཐུན་སྦྱོར་པ་ཨ་ཉིར·སུའུ་ཁི་ལར་གྱིས། ཨ་ཧྥེ་རི་ཁ་ལྷོ་མས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་འཛིན་ཚང་མ་ཟླ་བ་བརྒྱད་པའི་ནང་དུ། ཡུའེ་ཧན་ནེ་ཟི་པའོ་རུ་བསྡུ་རྩིས་ཡོད་པའི། གསེར་ཀྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅོ་ལྔ་པར་གདན་འདྲེན་ཞུས་ཡོད་ཅེས་བཤད།
ཟླ་བདུན་པའི་ཚེས་དྲུག་ཉིན། སུའུ་ཁི་ལར་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་པིན་ཧའེ་གྲོང་ཁྱེར་གྱི་ཏི་པན་དུ་སྨྱན་བྱད་ལ་བལྟས་ནས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ཨ་ཧྥེ་རི་ཁ་ལྷོ་མར་དོ་སྣང་བྱེད་རྒྱུ་ནི་ཨ་ཧྥེ་རི་ཁས་སྐབས་འདིའི་གསེར་ཀྱོམ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཡུན་རིང་གི་ལས་དོན་གཙོ་བོའི་ནང་གི་གཅིག་ཡིན་པ་དང་། ཐེངས་འདིའི་རྩེ་ཚོགས་ཀྱིས་གསེར་ཀྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་ནས། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་འཕེལ་རྒྱས་དང་དཔལ་འབྱོར་འཕར་སྣོན་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
སུའུ་ཁི་ལར་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་གཞན། ད་དུང་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཚུད་པའི་ས་ཁུལ་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་ཚོང་ལས་གཙོ་འཛིན་ཡང་གདན་དྲངས་པ་ལྟར་རྩེ་ཚོགས་ལ་ཞུགས་རྒྱུ་རེད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།