ཀྲུང་གོ་དང་ཧུང་ཏུའུ་ལ་སིའི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་རེས་སྐོར་དང་པོའི་གྲོས་མོལ་དེ་ཟླ་བདུན་པའི་ཚེས་བདུན་ཉིན། ཧུང་ཏུའུ་ལ་སིའི་རྒྱལ་ས་ཐི་ཀུའུ་ཞི་ཅར་ནས་བསྡུས།
ཉིན་དེར་ཚོང་དོན་པུའུ་རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་གྱི་འཐུས་མི། པུའུ་ཀྲང་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཧྲིག་ཝུན་གྱིས་ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་། ཧུང་ཏུའུ་ལ་སི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་སའེ་ལ་ཐའོ་ཡིས་ཧུང་ཏུའུ་ལ་སི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས། ཕྱོགས་གཉིས་ཀས་གྲོས་མོལ་གྱི་སྤྱིའི་དམིགས་འབེན་དང་ལས་ཀའི་འགན་འཁྲི། གོམ་སྟབས་རྗེས་མའི་བཀོད་སྒྲིག་སོགས་ཀྱི་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་པར་བརྟེན། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་།
ཉིན་དེར་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་བསྲེས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཧུང་ཏུའུ་ལ་སིའི་རྒྱལ་ས་ཐི་ཀུའུ་ཞི་ཅར་ནས་འཚོགས། ཕྱོགས་གཉིས་ཀས་ཕྱོགས་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཉོ་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ནས་མཉམ་ལས་བྱེད་པ་སོགས་ཀྱི་གྲོས་གཞིའི་ངོས་ནས་བསམ་འཆར་བརྗེ་རེས་བྱས། ཧུང་ཏུའུ་ལ་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་གནས་སྐབས་ལས་ཚབ་པ་ཡུས་པོ་དང་། དེ་བཞིན་ཧུང་ཏུའུ་ལ་སི་རྒྱལ་དམངས་གྲོས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སའེ་ལ་ཡཱ་དང་ཕྱི་འབྲེལ་པུའུ་ཀྲང་ལེ་ནཱ་སོགས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།