ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ནུས་པ་གང་ཡོད་བཏོན་ནས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་སྐྱེལ་འདྲེན་གྱི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་ཚེས་བདུན་ཉིན་གྱི་དགོང་མོར་ཐུར་ཁེའི་དབྱི་སི་ཐན་པོར་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། གྲོས་མོལ་དེ་ཧ་ལམ་དུས་ཚོད་གཉིས་དང་ཕྱེད་ཀ་འགོར་ཡོད་ལ། མཚོ་ནག་གི་འབྲུ་རིགས་སྐྱེལ་འདྲེན་གྲོས་མཐུན་དང་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་བརྩོན་ལེན་བྱེད་པ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གྲོས་གཞི་མང་བོར་གྲོས་བསྡུར་བྱས།
ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ང་ཚོའི་རེ་བ་ཡིན་ན། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་མཐུན་དེ་ཉུང་མཐར་ཡང་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་དགོས་ཟེར།
གྲོས་མཐུན་དེ་ཟླ་འདིའི་ཚེས་བཅུ་བདུན་ཉིན་ཡུན་ཚད་ལོངས་པ་ཡིན་ལ། ཨེ་ཨར་ཏའོ་ཨན་གྱི་བཤད་ཚུལ་ལྟར་ན། ཐུར་ཁེ་ཕྱོགས་ཀྱིས་ཧུར་ཐག་སྒོས་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དེའི་ཞོར་དུ་གྲོས་མཐུན་གྱི་ནུས་ལྡན་ཡུན་ཚད་ལོ་གཉིས་ཀྱིས་ཇེ་རིང་དུ་གཏོང་བར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།
ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ན་ནིང་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་དབྱི་སི་ཐན་པུའུ་ཨར་ནས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གནད་དོན་ཐད་ནས་སོ་སོར་ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྲོས་མཐུན་བཀོད། དེའི་མཚུངས་སུ་ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བའི་བཟོད་སྒོམ་བརྗེད་ཐོ་བཀོད།
ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་མཚོ་ནག་གྲུ་ཁའི་འབྲུ་སྐྱེལ་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་དོན་ལ་གྲོས་བསྡུར་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ཁ་པར་དང་ཡུལ་དངོས་ཀྱི་གྲོས་མོལ་གང་ཡིན་ཡང་ཆོག་ཟེར། ཨེ་ཨར་ཏའོ་ཨན་གྱིས་དེའི་རྗེས་སུ་བསྟན་དོན། ཕུའུ་ཅིན་གྱིས་ཉེ་བའི་ལོ་འགའི་རིང་ལ་ཐུར་ཁེ་རུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཁོས་ཕུའུ་ཅིན་དང་དངོས་སུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཨེ་ཨར་ཏའོ་ཨན་གྱི་བཤད་ཚུལ་དེའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་གསར་འགོད་པར་བཤད་རྒྱུར། མིག་སྔར་ད་རུང་ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱེད་པའི་དོན་དངོས་གནས་ཚུལ་འདྲ་མེད་ཀྱང་། འབྲེལ་ཡོད་བྱ་བ་གཏན་འཁེལ་བྱས་རྗེས་གཞན་དུ་བརྡ་གཏོང་ངེས་ཡིན་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བདུན་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་དང་ཝུའུ་ཁི་ལན་གྱི་མགོ་ཁྲིད་པའི་གྲོས་མོལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཙུང་ཐུང་ཕུའུ་ཅིན་གྱིས་ཨེ་ཨར་ཏའོ་ཨན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལ་བར་འདུམ་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར།
དེ་ལས་གཞན་ཨེ་ཨར་ཏའོ་ཨན་དང་ཙེ་ལེན་སི་ཅི་གཉིས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དུ། ཐུར་ཁེ་དང་ཨུ་རུ་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་མི་བརྗེ་སྤོར་བྱེད་པའི་དོན་ལ་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན། ཨེ་ཨར་ཏའོ་ཨན་གྱིས་ང་ཚོས་དོན་དེའི་ཐད་ནས་མྱུར་མོར་གྲུབ་འབྲས་ལེན་ཐུབ་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།