ནེ་ཀྲི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ལཱ་ཀི་སི་མངའ་སྡེ་རུ་ཚེས་དགུ་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
ལཱ་ཀི་སི་མངའ་སྡེའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་མགྲིན་ཚབ་པ་ཞིག་གིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཁ་ལོ་བ་དང་བཅས་པའི་མི་ཉི་ཤུ་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཉིན་དེའི་ཞོགས་པར་མངའ་སྡེ་དེའི་མའོ་བོ་གྲོང་རྡལ་གྱི་གཞུང་ལམ་ཞིག་ཏུ་བགྲོད་སྐབས་གློ་བུར་དུ་ཚོད་འཛིན་བྱེད་ཐབས་བྲལ་ནས། མྱུར་བགྲོད་གཞུང་ལམ་སྟེང་ནས་རྡོ་གསེག་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། སྤྱི་སྤྱོད་རླངས་འཁོར་སྟེང་གི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར། དངོས་སྐྱེལ་རླངས་འཁོར་ལ་རྨས་སྐྱོན་ཕོག་མེད།
མགྲིན་ཚབ་པ་དེས་བཤད་རྒྱུར། དོན་རྐྱེན་དེར་འབྲེལ་བའི་སྤྱི་སྤྱོད་རླངས་འཁོར་དེ་མྱུར་ཚད་ལས་བརྒལ་ནས་བགྲོད་བཞིན་ཡོད་ཟེར། ཁོས་མང་ཚོགས་ཀྱིས་རླངས་འཁོར་བསྐོར་ནས་ཕྱི་རུ་བགྲོད་སྐབས་མྱུར་ཚད་ལས་བརྒལ་ནས་ཉེན་ཁའི་ཁ་ལོ་བྱེད་མི་རུང་ལ། ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།