ཅོར་ཏན་སྤྱི་སྤྱོད་བདེ་འཇགས་སྡེ་ཁག་གིས་ཚེས་དགུ་ཉིན་བཤད་རྒྱུར། ཅོར་ཏན་བདེ་འཇགས་དམག་དཔུང་གིས་ཉིན་དེར་འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་འབྲེལ་བའི་འཛིན་བཟུང་བྱེད་པའི་མི་སྣ་གསུམ་བསད་ཡོད་ཟེར།
ཅོར་ཏན་ཕའེ་ཐི་ལཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅོར་ཏན་བདེ་འཇགས་དམག་དཔུང་གིས་ཚེས་དགུ་ཉིན་འཛིན་བཟུང་བྱེད་པའི་མི་སྣ་གསུམ་གྱི་ཅོར་ཏན་ཤར་ལྷོའི་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་གྱི་སྦས་སྐོང་བྱེད་སར་གློ་བུར་དུ་འཇབ་རྒོལ་བྱས་ནས་འཁྲུག་རྩོད་བྱེད་སྐབས་མི་དེ་གསུམ་བསད་པ་རེད། འཛིན་བཟུང་བྱེད་པའི་མི་སྣ་གསུམ་པོ་དེའི་ཁྲོད་མི་གཉིས་ཉིན་འགའི་སྔོན་ལ་བཙོན་ཁང་ལས་བྲོས་བྱོལ་བྱས་ནས་ཅོར་ཏན་ཤར་ལྷོ་ཕྱོགས་ཀྱི་བྱེ་ཐང་དུ་བྲོས་པ་ཡིན་ལ། མི་གཅིག་ནི་ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་ཏུ་ས་དེའི་ཉེན་རྟོག་དཔོན་པོ་ཞིག་བསད་པའི་དབང་གིས་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་རེད།
ཅོར་ཏན་སྤྱི་བའི་བདེ་འཇགས་སྡེ་ཁག་གིས་བསྟན་དོན། འབྲེལ་ཡོད་ཀྱི་བཙོན་ཁང་བྲོས་བྱོལ་དོན་རྐྱེན་གྱི་རྟོག་ཞིབ་སྔར་བཞིན་སྤེལ་གྱིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།