ཉིས་སྟོང་ཉེར་གསུམ་ལོའི་གླག་རྒོད་ཅེས་པའི་ཀྲུང་གོ་དང་ཐེ་གོའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་དེ་ཚེས་དགུ་ཉིན་གྱི་ཕྱི་དྲོར་ཐེ་གོའི་ཝུའུ་ལུང་མཁའ་དམག་རྟེན་གཞི་ནས་སྤེལ།
ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཀྲུང་གོ་ཕྱོགས་ཀྱིས་ཚར་གཅོད་གནམ་གྲུ་དང་འགས་གཏོར་གནམ་གྲུ། ཉེན་བརྡ་གཏོང་བའི་གནམ་གྲུ། ས་ངོས་དང་བར་སྣང་གི་འཕུར་མདའི་མེ་ཤུགས་ཕར་རྒོལ་བྱེད་པའི་དམག་ཆས་སོགས་བཀོད་སྒྲིག་བྱས་ཏེ། ཐེ་གོ་ཕྱོགས་དང་མཉམ་དུ་བར་སྣང་རོགས་སྐྱོར་དང་མཉམ་འབྲེལ་མཁའ་སྲུང་། གཞི་རྒྱ་ཆེ་བའི་དམག་ཤུགས་བཀོལ་སྤྱོད་སོགས་ཀྱི་རྣམ་གྲངས་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་ལ། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད།
ཀྲུང་གོ་ཕྱོགས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་སྤྱིའི་བཀོད་འདོམ་པ་ཁྲིན་ཅུན་གྱིས་བསྟན་དོན། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱིས་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་དང་དངོས་འཐབ་དངོས་སྦྱོང་གི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གི་སྦྱོང་བརྡར་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར། ཐེ་གོའི་མཁའ་དམག་འཐབ་འཛིང་པུའུ་འཐབ་འཛིང་སྦྱོང་བརྡར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝ་ཁྲུ་ལཱ་ཕིན་གྱིས་བསྟན་དོན། མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལས་ཕྱོགས་གཉིས་ཀྱི་རོགས་ལས་ནུས་པ་མཐོར་འདེགས་བྱེད་ཐུབ་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཁའ་དམག་བར་གྱི་ཡིད་ཆེས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།