ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཚེས་དགུ་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རང་དབང་དམངས་གཙོ་ཏང་གིས་མིང་འདོན་བྱས་པའི་ད་ལྟའི་ཙུང་ཐུང་མུས་ཨར་ཆི་ཡའོ་ཡེ་ཧྥུའུ་དང་བཅས་པའི་འདེམ་སྒུག་པ་བཞི་འགྲན་རྩོད་ལ་ཞུགས་ཡོད།
ཐེངས་འདིའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ་བ་རེད། གསར་འགོད་པས་རྒྱལ་ས་ཐཱ་ཧྲི་ཀན་གྲོང་ཁྱེར་ནང་ཁུལ་གྱི་འདེམ་ཤོག་འཕེན་ས་ནས་མཐོང་བ་ལྟར་ན། འདེམ་ཤོག་འཕེན་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཉིན་དེར་ཐཱ་ཧྲི་ཀན་གྲོང་ཁྱེར་གྱི་འདེམ་ཤོག་འཕེན་ས་ཨང་ང་དགུ་བར་སོང་ནས་འདེམ་ཤོག་འཕངས་པ་རེད།
ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་བདུན་བརྒྱ་གྱ་བཞི་བཀོད་སྒྲིག་བྱས་ཡོད་ཅིང་། ཐོ་འགོད་བྱས་པའི་འདེམ་དམངས་ཀྱི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་ལྔ་ཙམ་ཡོད་ལ། རྒྱལ་སྤྱིའི་ལྟ་ཞིབ་པ་བརྒྱད་བརྒྱ་ཙམ་དང་སྨྱན་བྱད་ཀྱི་འཐུས་མི་སྟོང་གཅིག་དང་བཞི་བརྒྱ་ཡིས་ཐེངས་འདིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ལྟ་རྟོག་བྱས་ཡོད།
ཐེངས་འདིའི་འགྲན་རྩོད་ལ་ཞུགས་པའི་ཙུང་ཐུང་གི་འདེམ་སྒུག་པ་གཞན་པ་གསུམ་ནི་སོ་སོར་མི་དམངས་དམངས་གཙོ་ཏང་གིས་མིང་འདོན་བྱས་པའི་དབྱེ་ནོའུ་ཡཱ་ཐའོ་ཧྥུའུ་དང་། དྲང་བདེན་སྤྱི་ཚོགས་དམངས་གཙོ་ཏང་གིས་མིང་འདོན་བྱས་པའི་མཱ་ཧི་མུའུ་ཏའོ་ཝ། སྐྱེ་ཁམས་ཏང་གིས་མིང་འདོན་བྱས་པའི་ཧཱ་མུའུ་ཀྲ་ཡེ་ཧྥུའུ་བཅས་རེད།
ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་དམངས་ཡོངས་ཀྱིས་བརྡས་གཅོད་བྱེད་པའི་བྱ་འགུལ་སྤེལ་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་མཐུན་བཀོད་པ་དང་། མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཟླ་བདུན་པའི་ཚེས་དགུ་ཉིན་སྔ་སྣུར་གྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།