ཡོ་རོབ་གླིང་མནའ་འབྲེལ་དང་ནེའུ་ཙེ་ལན་གྱིས་ཚེས་དགུ་ཉིན་པུའུ་ལུའུ་སེར་ནས་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་དེ། ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་སྐུལ་འདེད་བཏང་།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཚོད་དཔག་བྱས་ན་གྲོས་ཆོད་དེ་ལག་བསྟར་བྱས་རྗེས། ལོ་རེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་དག་གིས་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞིའི་སྒོ་ཁྲལ་གྲོན་ཆུང་བྱེད་ཐུབ་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱིར་གཏོང་འབོར་གྲངས་དེ་ཡོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔར་བསླེབས་ཐུབ་པའི་རེ་བ་ཡོད་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་དེ་ཚོད་དཔག་བྱས་ན་ལོ་ངོ་བཅུའི་ནང་བརྒྱ་ཆའི་སུམ་ཅུ་འཕར་ཐུབ། དེ་ལས་གཞན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ནེའུ་ཙེ་ལན་གྱི་དངུལ་གཏོང་ཡང་བརྒྱ་ཆའི་བརྒྱད་ཅུ་འཕར་བའི་རེ་བ་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་སྤྱི་སྒྲོག་ནང་བསྟན་དོན། གྲོས་ཆོད་དེས་ཕྱོགས་གཉིས་ཀྱི་ཁེ་ལས་དང་ཞིང་བ། འཛད་སྤྱོད་པ་བཅས་ལ་གོ་སྐབས་གལ་ཆེན་བསྐྲུན་ཐུབ་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཆོད་དེ་ཡོ་རོབ་གླིང་གྲོས་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་ནེའུ་ཙེ་ལན་གྱིས་ཆོག་མཆན་འགོད་པའི་ལས་རིམ་ཡོངས་འགྲུབ་བྱས་རྗེས། གྲོས་ཆོད་དེ་དངོས་སུ་ནུས་ལྡན་དུ་འགྱུར་སྲིད།
ཡོ་རོབ་གླིང་མནའ་འབྲེལ་དང་ནེའུ་ཙེ་ལན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པ་ནས་མགོ་བརྩམས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་མཇུག་སྒྲིལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།