ཕུའུ་ཅིན་གྱིས་ཝ་ཀི་ནཱའི་དོན་རྐྱེན་རྗེས་སུ་ཕུའུ་ལི་ཀི་རིན་སོགས་ཝ་ཀི་ནཱའི་མགོ་ཁྲིད་པའི་ཁོངས་མིར་ཐུག་འཕྲད་བྱས་མྱོང་།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་ཉིན་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་ཀྱི་མགོ་ཁྲིད་རིམ་པའི་ཁོངས་མིར་ཐུག་འཕྲད་བྱས་པ་དང་། དེའི་ནང་རྩ་འཛུགས་དེའི་སྲོལ་འབྱེད་མཁན་ཕུའུ་ལི་ཀི་རིན་འདུས་ཡོད།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་གྱིས་བསྡོམས་པས་མི་སོ་ལྔ་གདན་དྲངས་ཡོད་པ་དང་། དེའི་ནང་ཝ་ཀི་ནཱའི་བཀོད་འདོམ་དཔོན་པོ་དང་རྩ་འཛུགས་དེའི་མགོ་ཁྲིད་རིམ་པའི་ཁོངས་མི་སོགས་ཡོད་ལ། ཕུའུ་ལི་ཀི་རིན་ཡང་འདུས། ཕུའུ་ཅིན་གྱིས་ཝ་ཀི་ནཱའི་རྩ་འཛུགས་ཀྱིས་ཟིང་འཁྲུག་དོན་རྐྱེན་ལ་ངན་སྐུལ་བྱས་པའི་དོགས་ཡོད་བྱ་སྤྱོད་ལ་གདེང་འཇོག་བྱས་པ་དང་། ཝ་ཀི་ནཱའི་ཁོངས་གཏོགས་ཀྱི་མ་འོངས་པའི་ཁ་ཕྱོགས་ཐད་གདམ་གསེས་འགའ་འདོན་སྤྲོད་བྱས།

ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། གྲོས་མོལ་དེ་ཧ་ལམ་དུས་ཚོད་གསུམ་ཙམ་འགོར་བ་དང་། ཝ་ཀི་ནཱའི་བཀོད་འདོམ་དཔོན་པོ་དག་གིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁོ་ཚོ་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་དཔོན་གྱི་འགྱུར་བ་མེད་པའི་རྒྱབ་སྐྱོར་མཁན་ཡིན་པས། མུ་མཐུད་དུ་མེས་རྒྱལ་གྱི་ཆེད་ལ་འཐབ་འཁྲུག་བྱེད་པར་གྲ་སྒྲིག་བྱེད་དགོས་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་ནན་གྱིས་བསྟན་དོན། ཁོས་ཕུའུ་ལི་ཀི་རིན་མིག་སྔར་གར་ཡོད་གནས་ཚུལ་གསལ་བོར་མི་ཤེས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།