རྒྱ་གར་སྨྱན་བྱད་ཀྱིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བསྟུད་མར་དྲག་ཆར་བབས་ཏེ། ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བྱུང་སྟེ། བྱང་ཕྱོགས་མངའ་སྡེ་དང་ཞི་མཱ་ཞེ་ཨར་མངའ་སྡེ། ཨ་ཁུན་ཏི་བྱང་མ་མངའ་སྡེ་བཅས་སུ་ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།
ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། དྲག་ཆར་དེ་ལས་བྱང་ཕྱོགས་མངའ་སྡེ་རུ་ཉུང་མཐར་ཡང་མི་དགུ་ཆུས་ཁུར་བ་རེད་ཟེར། ཚེས་དགུ་ཉིན་གྱི་དགོང་མོར། མི་གསུམ་གྱིས་མངའ་སྡེ་དེའི་མེད་ཨིན་པུའུ་ལི་ས་ཁུལ་གྱི་ཞིང་སར་ངལ་རྩོལ་བྱེད་སྐབས་ཐོག་གིས་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག རྒྱུས་ལོན་བྱུང་བ་ལྟར་ན། བྱང་ཕྱོགས་མངའ་སྡེའི་སློབ་གྲྭ་སྐོར་ཞིག་གིས་གནས་སྐབས་སུ་སློབ་ཁྲིད་མཚམས་བཞག་ཡོད། རྒྱ་གར་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན། བྱང་ཕྱོགས་མངའ་སྡེའི་ས་ཁུལ་སྐོར་ཞིག་ཏུ་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཆར་ཆེན་དང་དྲག་ཆར་འབབ་པའི་ནམ་ཟླ་འབྱུང་རྒྱུ་རེད།
ཨ་ཁུན་ཏི་བྱང་མ་སྡེ་ཚོགས་ནས། མི་བཅུ་གཅིག་དྲུད་པའི་རླངས་འཁོར་ཞིག་ཚེས་དགུ་ཉིན་རི་ཉིལ་བའི་དབང་གིས་གཞུང་ལམ་ལས་ལྷུང་བ་རེད། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མིག་སྔར་འདས་པོའི་བེམ་པོ་གསུམ་རྙེད་པ་དང་། གཞན་ཡང་མི་གསུམ་དོན་རྐྱེན་དེའི་ཁྲོད་གར་སོང་རྙེད་མེད། མིག་སྔར་རྨས་མ་ལྔ་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།