ཉིས་སྟོང་ཉེར་གསུམ་ལོའི་ཨུ་རུ་སིའི་རྒྱལ་སྤྱིའི་གསར་གཏོད་བཟོ་ལས་འགྲེམ་སྟོན་ཚེས་བཅུ་ཉིན་ཨུ་རུ་སིའི་ཝེ་ཨར་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཡེ་ཁཱ་ཅེ་ལིན་པའོ་ནས་སྤེལ་མགོ་བརྩམས།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་དེ་ཚེས་བཅུ་གསུམ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། བརྗོད་སྙིང་ནི་རྒྱུན་མཐུད་ཐོན་སྐྱེད་ཏེ་འཐབ་ཇུས་གསར་སྒྱུར་ཞེས་པ་དེ་ཡིན་ཞིང་། འགྲེམ་སྟོན་ཚོགས་འདུའི་སྒྲོམ་གཞིའི་འོག་གླེང་སྟེགས་དང་གྲོས་བསྡུར་ཚོགས་འདུ་མང་བོ་སྤེལ་བ་དང་། ནང་དོན་དེ་གྲངས་ལྡན་ཅན་གྱི་ཐོན་སྐྱེད་དང་བཟོ་ལས་ལག་རྩལ་གསར་བ། དེང་རབས་ཅན་གྱི་འགྲིམ་འགྲུལ། རྒྱུ་ཆ་གསར་བ། སྨན་བཅོས་ཐོན་ལས་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད།
ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་ཚེས་བཅུ་ཉིན་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་མཚམས་སྦྱོར་བྱས་དོན། ལོ་ངོ་བཅུ་གསུམ་རིང་ལ། ཨུ་རུ་སིའི་རྒྱལ་སྤྱིའི་གསར་གཏོད་བཟོ་ལས་འགྲེམ་སྟོན་དེ་ནམ་རྒྱུན་ཝུའུ་ལཱ་ཨར་ས་ཁུལ་གྱི་བཟོ་ལས་ལྟེ་གནས་ཆེན་མོ་ཡེ་ཁཱ་ཅེ་ལིན་པའོ་ནས་སྤེལ་བ་དང་། འགྲེམ་སྟོན་ཚོགས་འདུ་དེ་ཕྱོགས་སོ་སོས་ཉམས་མྱོང་དང་འདོད་ཚུལ་བརྗེ་རེས་བྱེད་པ་དང་། གནད་འགག་གི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་ལྔའི་ཁེ་ལས་སྟོང་གཅིག་ལྷག་འགྲེམ་སྟོན་ཚོགས་འདུར་ཞུགས་ཡོད།
ཨུ་རུ་སིའི་ཁེ་ལས་ལས་གཞན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་མཉམ་ལས་གྲོགས་པོའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཨུ་རུ་སི་དཀར་པོས་སྨིད་སུམ་སྟོང་ཙམ་ཡོད་པའི་འགྲེམ་སྟོན་ས་ཁུལ་ནས་ཁེ་ལས་མང་བོའི་ཐོན་རྫས་འགྲེམ་སྟོན་བྱས་པ་དང་། ཟས་རིགས་དང་མཐོ་གསར་ལག་རྩལ་ཐོན་རྫས། ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད། དེ་ལས་གཞན་འགྲེམ་སྟོན་ཚོགས་འདུས་ད་རུང་དབུས་ཤར་དང་ཨ་ཧྥེ་རི་ཁ་གླིང་། ཨེ་ཤ་ཡཱ་དབུས་མ། ཨེ་ཤ་ཡཱ་ཤར་ལྷོ་སོགས་ས་ཁུལ་གྱི་རྒྱལ་ཁབ་དག་གི་ཁེ་ལས་མང་བོ་ནང་འགུག་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།