མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་ཉིན་སྙན་ཞུ་སྤེལ་ཏེ། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྡབ་འགྱུར་གྱིས་འབད་བརྩོན་མ་བྱས་ན། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དེ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་དཀའ་བའི་ཉེན་ཁ་འབྱུང་སྲིད་ཟེར།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་བཅུ་བདུན་སྙིང་བོར་བྱས་པའི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་གྲོས་མཐུན་བཀོད་དེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་དབུལ་ཕོངས་སེལ་བ་དང་། འདྲ་མཉམ་ལ་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་འབད་འབུངས་བྱེད་རྒྱུསི་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་དུ་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་སྙན་ཞུའི་དམིགས་བསལ་པར་གཞི་དེ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དངོས་འབེབས་གྲུབ་འབྲས་ཅུང་ཡོངས་ཁྱབ་ཡིན་པའི་དུས་རིམ་འབྲིང་གི་དཔྱད་འཇོག་ལྟ་བུར་རློམ་ཡོད།
སྙན་ཞུ་ལས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་དང་ཝུའུ་ཁི་ལན་གྱི་ཉམས་ཉེན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མདུན་ལྗོངས་མག་མོག་ཡིན་པ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཡུན་རིང་བོ་འགོར་བ་སོགས་ལས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རིམ་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད། དཔྱད་འཇོག་ཐུབ་པའི་བྱེ་བྲག་གི་དམིགས་འབེན་བརྒྱ་དང་བཞི་བཅུའི་ཁྲོད། ཕྱེད་ཀའི་ཡན་སྔོན་དཔག་གི་ཚད་དང་བར་ཁྱད་ཆེན་པོ་བྱུང་ཡོད། དེའི་ནང་བརྒྱ་ཆའི་སུམ་ཅུའི་བྱེ་བྲག་གི་དམིགས་འབེན་དེ་ཉིས་སྟོང་བཅོ་ལྔ་ལོའི་ཚད་གཞི་དང་བསྡུར་ན་འཕེལ་རྒྱས་ཅི་ཡང་བྱུང་མེད་ལ། ཐ་ན་ཇེ་སྡུག་ཏུ་སོང་བའི་སྣང་ཚུལ་བྱུང་ཡོད། དཔེར་ན་པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་སོང་བའི་ཤུགས་རྐྱེན་དབང་གིས་འཛམ་གླིང་ཡོངས་ཀྱི་ལོ་ངོ་སུམ་ཅུའི་རིང་གི་དབུལ་ཕོངས་ནག་སེལ་བའི་བྱ་བར་གྲུབ་འབྲས་བྱུང་མེད་ལ། དབུལ་ནག་གི་མི་གྲངས་དེ་མི་རབས་གཅིག་གི་ནང་ཐོག་དང་པོར་འཕར་སྣོན་བྱུང་ཡོད་ཟེར།
ཡིན་ཡང་སྙན་ཞུ་ལས་ད་རུང་བསྟན་དོན། ཁྱབ་ཁོངས་རེ་འགར་ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ་གྲུབ་འབྲས་བཟང་བོ་བླངས་ཡོད། དཔེར་ན་འཛམ་གླིང་ཡོངས་ཀྱི་གློག་བཀོལ་བའི་མི་གྲངས་ཀྱི་བསྡུར་ཚད་ཉིས་སྟོང་བཅོ་ལྔ་ལོའི་བརྒྱ་ཆའི་གྱ་བདུན་ནས། ཉིས་སྟོང་ཉེར་གཅིག་ལོར་བརྒྱ་ཆའི་གོ་གཅིག་ཏུ་འཕར་ཡོད། འཛམ་གླིང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་དལ་ཡང་། འབྲིང་རིམ་དང་རྩེར་སོན་གྱི་ལག་རྩལ་ཐོན་ལས་ཀྱིས་འཕར་སྣོན་གྱི་རྣམ་པ་བཟང་བོ་མངོན་པར་བྱས་ཡོད་ལ། འཛམ་གླིང་ཡོངས་ཀྱི་དྲ་དམངས་ཀྱི་མི་གྲངས་ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ་བརྒྱ་ཆའི་རེ་ལྔ་འཕར་ཡོད་པ་དང་། ཉིས་སྟོང་ཉེར་གཉིས་ལོར་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་ལ་བསླེབས་ཡོད་ཟེར།
སྙན་ཞུ་ལས་བལྟས་ན། ཁྱབ་ཁོངས་མི་ཉུང་བའི་གྲུབ་འབྲས་གལ་ཆེན་ལས་མངོན་པ་ལྟར་ན། ཐུན་མོང་འགུལ་སྐྱོད་སྤེལ་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་ད་ཡོད་ཀྱི་ལག་རྩལ་དང་ཐོན་ཁུངས། ཤེས་བྱ་སོགས་བེད་སྤྱོད་གང་ལེགས་བྱས་ན། མི་ཚང་མའི་ཆེད་དུ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་པའི་ཐད་ཐོལ་བརྒལ་འབྱུང་སྲིད་པར་བསམ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།