བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་འགལ་བའི་ཁྲོད་ནས་སྤེལ་མགོ་བརྩམས།
2023.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཚོགས་ཡུན་ཉིན་གཉིས་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་ཚོགས་མགོ་བརྩམས། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གནད་དོན་མང་བོའི་ཐད་འགལ་བ་གནས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་པའི་སྣང་ཚུལ་ཡང་ཡང་འབྱུང་བཞིན་ཡོད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་མཐོ་རིམ་གྲོས་ཚོགས་མགོ་མ་བརྩམས་གོང་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་ཝུའུ་ཁི་ལན་གྱི་རོགས་སྐྱོར་འཆར་གཞི་དང་དེའི་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས། ཤར་ཕྱོགས་ས་ཁུལ་གྱི་འགོག་སྲུང་ལ་ཤུགས་སྣོན་བྱས་ཏེ་བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་ནུས་པ་དང་ཟིལ་ཤུགས་མཐོར་འདེགས་བྱེད་དགོས་ཟེར། དེ་ལས་གཞན་བྱང་ཆིངས་རྩ་འཛུགས་ཀྱིས་ད་རུང་བྱང་ཆིངས་རྩ་འཛུགས་དང་ཝུའུ་ཁི་ལན་ལས་འཛིན་ལྷན་ཚོགས་བཙུགས་ཏེ། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཚེས་བཅུ་གཉིས་ཉིན་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཐོག་དང་པོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྲོས་གཞི་གཙོ་བོའི་ཐད་འགལ་བ་ཡོད་པ་དང་། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཡོངས་ཁྱབ་ཏུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ཐད་ལངས་ཕྱོགས་མི་འདྲ་བ་བཟུང་ཡོད། ཡོ་རོབ་གླིང་དབུས་ཤར་གྱི་ཁོངས་གཏོགས་རྒྱལ་ཁབ་རེ་འགས་མྱུར་མོར་ཝུའུ་ཁི་ལན་དང་ལེན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱང་། ཨ་མེ་རི་ཁ་སོགས་ཀྱིས་དོན་དེའི་ཐད་བསམ་འཆར་སོར་འཇོག་བྱས་ཡོད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མི་ཏཱ་ཏའེ་ལོན་གྱིས་ཉེ་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལས་ཝུའུ་ཁི་ལན་གྱི་ཉམས་ཉེན་སྔར་ལས་ཛ་དྲག་ཏུ་འགྱུར་ཡང་སྲིད་ཟེར།

ཙེ་ལེན་སི་ཅི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་གྲོས་བསྡུར་བྱེད་སྐབས་ཝུའུ་ཁི་ལན་དང་འབྲེལ་བའི་ནང་དོན་དེ་གདན་ཞུར་འབྲེལ་བ་ཙམ་ལས་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་ལ་འབྲེལ་བ་མེད་པ་དང་། དེ་མི་ཚད་དུས་ཚོད་སྒྲོམ་གཞི་གཏན་འཁེལ་གསལ་བོ་བྱས་མེད། དེ་ནི་གཡོ་ཟོལ་སྔ་ན་མེད་པ་ཞིག་ཡིན་ལ། བྱང་ཆིངས་རྩ་འཛུགས་ལ་ངེས་གཏན་མེད་པ་དེ་ནུས་མེད་ཡིན་པའི་མཚོན་རྟགས་རེད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་སྨྱན་བྱད་ལ་བསྟན་དོན། ཝེ་ཨར་ཉིག་སིའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་མངོན་གསལ་དང་གཅིག་བསྡུས་ཀྱིས་ཨུ་རུ་སིར་ངོ་རྒོལ་བྱེད་པའི་ངོ་བོ་ལྡན་པ་དང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་དེར་ཉེན་ཁ་ཧ་ཅང་ཆེ་བས། འབྲེལ་ཡོད་ཀྱི་ཆོད་དོན་སྤེལ་མཁན་དག་གིས་ངེས་པར་དུ་གནད་དོན་གསལ་བོར་ཤེས་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།