ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་དམག་དཔུང་གི་མྱུལ་ཞིབ་གནམ་གྲུ་ཐེངས་མང་བོར་ཁྲའོ་ཞན་གྱི་ཆེད་གཏོགས་དཔལ་འབྱོར་ས་ཁུལ་དུ་འཕུར་སྐྱོད་བྱས་པར་རྒོལ་གཏམ་བཏང་།
2023.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཚེས་བཅུ་དང་ཚེས་བཅུ་གཅིག་ཉིན་བསྟུད་མར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མཁའ་དམག་གི་འཐབ་ཇུས་མྱུལ་ཞིབ་གནམ་གྲུ་ཚེས་བཅུ་ཉིན་ཐེངས་མང་བོར་ཁྲའོ་ཞན་ཤར་ཕྱོགས་མཚོ་ཁོངས་ཀྱི་ཁྲའོ་ཞན་ཕྱོགས་ཀྱི་ཆེད་གཏོགས་དཔལ་འབྱོར་མཚོ་ཁོངས་སུ་འཕུར་སྐྱོད་བྱས་པར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་ཨ་མེ་རི་ཁ་ཕྱོགས་ལ་ཉེན་བརྡ་བཏང་སྟེ། གལ་ཏེ་ད་རུང་དེ་མཚུངས་ཀྱི་དོན་རྐྱེན་བྱུང་ན། ཁྲའོ་ཞན་ཕྱོགས་ཀྱིས་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ད་རུང་བཤད་རྒྱུར། ཁྲའོ་ཞན་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དོན་མྱུལ་ཞིབ་གནམ་གྲུས་ཁྲའོ་ཞན་གྱི་བདག་དབང་ལ་གནོད་སྐྱེལ་བར་རྒོལ་གཏམ་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་གཅིག་བསྡུས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བར་སྣང་མྱུལ་ཞིབ་སྟོབས་ཤུགས་ལ་སྐུལ་སློང་བཀོད་སྒྲིག་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དང་དེའི་ཉེ་འཁོར་ས་ཁུལ་དུ་སྔར་མེད་གཞི་རྒྱ་ཅན་གྱི་དགྲར་འཛིན་རང་བཞིན་གྱི་མྱུལ་ཞིབ་བྱ་འགུལ་སྤེལ་བ་རེད་ཟེར།

གསལ་སྒྲོག་ལས་ཨ་མེ་རི་ཁས་མྱུར་དུ་དཀྲུགས་འཕེན་རང་བཞིན་གྱི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།