ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་རུ་འཚོགས་བཞིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་དམིགས་ཏེ། སུའེ་ཏེན་དང་སི་ཕན། ཁི་ལོ་ཏི་ཡཱ་བཅས་ཀྱི་ཆེད་མཁས་པས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱིས་རྒྱ་བསྐྱེད་དང་དཀྲུག་འཕེན་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་ལ། དེ་གནོདའ་ཚེའི་འབྱུང་ཁུངས་སུ་འགྱུར་སྲིད་ཟེར།
སུའེ་ཏེན་རྒྱལ་ཁོངས་བརྒལ་བའི་ཞི་བདེ་དང་མ་འོངས་པའི་ཞིབ་འཇུག་ཐེབས་རྩ་ཚོགས་པའི་སྲོལ་འབྱེད་པ་ཨོ་པེ་ལི་ཡིས་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་བཀོད་པ་ནས་བལྟས་ན། བྱང་ཆིངས་རྩ་འཛུགས་དེར་འགོག་སྲུང་རང་བཞིན་ལྡན་དགོས་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱིས་ཉིན་རེ་བཞིན་རང་ཉིད་ཀྱིས་བཀོད་པའི་སྤྱི་ཆིངས་ལ་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པར་མ་ཟད་རྒྱ་བསྐྱེད་བྱེད་བཞིན་ཡོད་ཟེར།
ཨོ་པེ་ལི་ཡིས་བཤད་རྒྱུར། དེང་སྐབས་བྱང་ཆིངས་རྩ་འཛུགས་གནས་པའི་དམིགས་ཡུལ་ནི་རྒྱ་བསྐྱེད་བྱས་ཏེ། སྔར་ལས་མང་བའི་ཡོ་རོབ་གླིང་གི་རྒྱལ་ཁབ་བསྡུ་ལེན་བྱེད་པ་དང་། ཐན་ན་འཇར་པན་དུ་འབྲེལ་གཏུག་ཁྲུའུ་འཛུགས་པའི་འཆར་གཞི་ཡོད་པ་རེད། བྱང་ཆིངས་རྩ་འཛུགས་ཀྱི་གཞན་པའི་སེམས་ཁུར་སྣང་མེད་དུ་བྱེད་པ་དང་། རང་གི་དཀྲུག་འཕེན་རང་བཞིན་གྱི་སྲིད་ཇུས་ལས་བྱུང་བའི་མཇུག་འབྲས་སྣང་མེད་དུ་འཇོག་པའི་བྱ་སྤྱོད་དེ་ནི་ཁ་དར་བའི་གཞན་གཅོད་རང་བཞིན་གྱི་དམག་རྒྱལ་རིང་ལུགས་ཤིག་ཡིན་ལ། དེ་གནོད་འཚེའི་འབྱུང་ཁུངས་སུ་འགྱུར་སྲིད་ཟེར།
སི་ཕན་གྱི་ཏི་ལཱ་སི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཀྱི་མཚན་འཛིན་ཀྲུའུ་ཞི། ཅཱ་ཐེ་ལོ་ནེ་ཡཱ་སྒོ་འབྱེད་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨོ་ཨར་ཐི་ཅཱ་ཡིས་བཤད་རྒྱུར། འཇམ་འཐབ་མཇུག་སྒྲིལ་རྗེས། བྱང་ཆིངས་རྩ་འཛུགས་དེ་གཏན་ཚིགས་དང་མཐུན་པའི་སྒོ་ནས་མེད་པར་གྱུར་མེད་ལ། དགྲ་ཡ་གསར་བ་འཚོལ་ཞིབ་བྱས་པ་རེད། བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་སྲིད་ཇུས་ལས་འཐབ་འཁྲུག་དང་ས་ཁུལ་གྱི་འཁྲུག་རྩོད་མང་བོ་བྱུང་དུ་བཅུག་པ་དང་། བྱང་ཆིངས་རྩ་འཛུགས་གནས་བ་ལས་ཡོ་རོབ་གླིང་ཞི་བདེ་ཡོང་མི་སྲིད་པ་མཚོན་ཡོད། བྱང་ཆིངས་རྩ་འཛུགས་ཤར་དུ་རྒྱ་བསྐྱེད་པ་དང་དེས་ཨུ་རུ་སིར་གནོན་ཤུགས་བྱིན་པ་ནི་མིག་སྔའི་ཝུའུ་ཁི་ལན་གྱི་ཉམས་ཉེན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཟེར།
ཨོ་ཨར་ཐི་ཅཱ་ཡིས་བལྟས་ན། བྱང་ཆིངས་རྩ་འཛུགས་དེ་ཨ་མེ་རི་ཁ་དང་ནུབ་ཕྱོགས་མ་རྩ་རིང་ལུགས་སྡེ་ཚོགས་ཀྱི་དྲག་ཆས་སྟོབས་ཤུགས་སུ་གྱུར་ཡོད་པ་དང་། དེས་ཐེ་གཏོགས་བྱེད་འདོད་པའི་ཡུལ་དུ་ཐེ་གཏོགས་བྱེད་བཞིན་ཡོད་ལ། གང་འདོད་འདོད་ལྟར་འགས་གཏོར་གཏོང་བཞིན་ཡོད་ཟེར།
ཁི་ལོ་ཏི་ཡཱའི་ཞོགས་པའི་ཚགས་པར་གྱི་སྔོན་ཆད་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ། ཆབ་སྲིད་དབྱེ་ཞིབ་པ་ཕུའུ་ལའེ་ཧྲི་ཡིས་བཤད་རྒྱུར། ཨ་མེ་རི་ཁར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྲོད་ཁེ་ཕན་ཐོབ་བཞིན་ཡོད་པས། ཉམས་ཉེན་དེ་མུ་མཐུད་དུ་རྒྱུན་བསྲིང་བར་རེ་ཡོད། ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཡང་ཝུའུ་ཁི་ལན་གྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་ཕན་ཐོགས་ཅི་ཡང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།