མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་འཛམ་གླིང་ཡོངས་ཀྱི་ལྟོགས་སྡུག་མྱོང་བའི་མི་གྲངས་རིམས་ནད་མ་བྱུང་སྔོན་ལས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཉིས་ཇེ་མང་དུ་སོང་ཡོད་པའི་ཚུལ་བསྟན།
2023.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་སྙན་ཞུ་ལས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་དང་ཝུའུ་ཁི་ལན་གྱི་གནས་བབ་ཤུགས་རྐྱེན་དབང་གིས་ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་དྲུག་དང་བྱེ་བ་དགུ་ས་ཡ་གཅིག་ནས་མི་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་གསུམ་གྱིས་ལྟོགས་སྡུག་མྱངས་པ་དང་། ཉིས་སྟོང་བཅུ་དགུ་ལོ་དང་བསྡུར་ན་མི་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཉིས་ཇེ་མང་དུ་སོང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། རྒྱལ་སྤྱིའི་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་ཉིན་དེར་མཉམ་འབྲེལ་གྱིས་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ་ཞེས་པའི་སྙན་ཞུ་སྤེལ་བ་དང་། དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྟོགས་སྡུག་མེད་པར་གཏོང་བ་དང་འཚོ་བཅུད་ལེགས་བཅོས་བྱེད་པ་སོགས་ཐད་ཀྱི་ཆ་འཕྲིན་འདོན་སྤྲོད་བྱེད་ཆེད་རེད།

སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར། ཨེ་ཤ་ཡཱ་དང་ལཱ་ཏེན་མེ་གླིང་གིས་ལྟོགས་སྡུག་མྱོང་མཁན་ཇེ་ཉུང་དུ་ཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཀྱང་། ཨེ་ཤ་ཡཱ་ནུབ་མ་དང་ཅཱ་ལེ་པུས། ཨ་ཧྥེ་རི་ཁ་གླིང་བཅས་ཀྱི་ལྟོགས་སྡུག་མྱོང་བའི་གནས་ཚུལ་ཇེ་སྡུག་རེད། དེ་ལས་གཞན་ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་གཉིས་དང་དུང་ཕྱུར་བཞིར་ལོ་ཧྲིལ་བོར་འཚོ་བཅུད་དང་བདེ་འཇགས། ཟས་རིགས་བཅས་འདང་ཚིམ་པ་ཞིག་ཐོབ་ཐུབ་མེད་ལ། དེའི་ནང་བུད་མེད་དང་ཞིང་སྡེ་ས་ཁུལ་གྱི་སྡོད་དམངས་མང་དུ་འདུས་ཡོད་ཟེར།

སྙན་ཞུ་ལས་ཚོད་དཔག་བྱས་ན་ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་དྲུག་ཙམ་ལ་དུས་ཡུན་རིང་བོར་ཟས་རིགས་མི་འདང་བས། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ལྟོགས་སྡུག་སེལ་བའི་བྱེ་བྲག་གི་དམིགས་འབེན་མངོན་འགྱུར་བྱེད་པའི་སྐོར་གྱི་འགྲན་རྩོད་ཧ་ཅང་ཆེ་བ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་གི་གནས་བབ་ལྷག་ཏུ་ཛ་དྲག་ཆེ་བའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།