ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་ཤར་ལྷོའི་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་དམག་སྒར་ཞིག་ལ་ཉིན་དེར་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཙི་ཧའོ་པུའུ་ས་ཁུལ་གྱི་སྒར་ས་ཞིག་ལ་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་འཇིགས་སྐུལ་ཉེས་ཅན་མང་བོའི་འཇབ་རྒོལ་ཐེབས་པ་རེད། འཁྲུག་རྩོད་དྲག་པོ་བྱེད་སྐབས། འཇིགས་སྐུལ་ཉེས་ཅན་གསུམ་བསད་པ་རེད། བདེ་འཇགས་དམག་དཔུང་ཕྱོགས་ཀྱི་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་ལྔར་རྨས་ལྗིད་མོ་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་དེའི་འཕྲོའི་འཇིགས་སྐུལ་ཉེས་ཅན་གཉིས་རྗེས་འདེད་བྱེད་བཞིན་ཡོད་པ་དང་། གསལ་སྒྲོག་ལས་ཐེངས་འདིར་འཇབ་རྒོལ་བྱེད་མཁན་གྱི་འཇིགས་སྐུལ་ཉེས་ཅན་དེ་དག་རྩ་འཛུགས་གང་ལ་གཏོགས་པ་གསལ་བོར་བཤད་མེད།
པུས་ལུའུ་ཀྲི་ཞིང་ཆེན་དེ་ཕཱ་ཁི་སི་ཐན་གྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། དབྱི་ལིང་དང་ཨ་ཧྥུའུ་ཧན་བར་འདབས་འབྲེལ་དུ་གནས་ཡོད་ལ། ཁ་བྲལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ཀྱི་སྟོབས་ཤུགས་ས་ཁུལ་དེར་འགུལ་སྐྱོད་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།