ཁུ་པཱ་ཡིས་ཨ་མེ་རི་ཁའི་ཉིང་ནུས་ཆུ་འཛུལ་གྲུ་གཟིངས་ཀོན་ཐཱ་ནཱ་མའོ་མཚོ་ཁུགས་ནས་བསྡད་པར་རྒོལ་གཏམ་དྲག་པོ་བཏང་།
2023.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཨ་མེ་རི་ཁའི་ཉིང་ནུས་ཆུ་འཛུལ་གྲུ་གཟིངས་ཤིག་ཉེ་སྔོན་ཁུ་པཱའི་ཀོན་ཐཱ་ནཱ་མའོ་མཚོ་ཁུགས་ཀྱི་ཨ་མེ་རི་ཁའི་མཚོ་དམག་རྟེན་གཞི་ནས་ཉིན་འགར་བསྡད་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེ་ནི་ཨ་མེ་རི་ཁས་ཁུ་པཱའི་དཀྲུག་འཕེན་གནས་ཚུལ་ཛ་དྲག་ཏུ་བཏང་བ་རེད་ཟེར།

ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཉིང་ནུས་གྲུ་གཟིངས་དེ་ཟླ་བདུན་པའི་ཚེས་ལྔ་ཉིན་ཀོན་ཐཱ་ནཱ་མའོ་མཚོ་ཁུགས་ཀྱི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འབྱོར་ནས་ཚེས་བརྒྱད་ཉིན་བར་བསྡད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཞི་བདེ་ཡིན་པའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་དུ་ཉིང་ནུས་ཆུ་འཛུལ་གྲུ་གཟིངས་བསྡད་པའི་དམག་དོན་དམིགས་ཡུལ་དང་འཐབ་ཇུས་དམིགས་ཡུལ་ལ་མི་ཀུན་དོགས་པ་ཟ་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁས་ཁུ་པཱའི་མི་དམངས་ཀྱི་རེ་འདུན་དང་འགལ་བའི་སྒོ་ནས་ཁྲིམས་འགལ་གྱིས་ཀོན་ཐཱ་ནཱ་མའོ་མཚོ་ཁུགས་ཀྱི་ས་ཁོངས་སྐོར་ཞིག་བཙན་བཟུང་བྱས་ནས་ལོ་བརྒྱ་དང་ཉི་ཤུ་ལྷག་འགོར་ཡོད། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་དེ་དོན་དངོས་སུ་རྒྱལ་ཁབ་མང་བོའི་སྤྱི་དམངས་བཀག་འཇུག་མནར་གཅོད་བྱེད་པ་དང་། མ་ལག་ལྡན་པའི་སྒོ་ནས་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་དུ་དམག་དོན་རྟེན་གཞི་བཅུ་ཕྲག་འགའ་བཙུགས་ནས། ས་ཁུལ་དེའི་རྒྱལ་ཁབ་ཀྱི་བདག་དབང་དང་མི་དམངས་ཀྱི་ཁེ་ཕན་ལ་འཇིགས་ཉེན་བཟོས་ཡོད། ཁུ་པཱ་ཡིས་ཁུ་པཱ་རུ་སྡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཨ་མེ་རི་ཁས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པའི་ས་ཁོངས་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན་པར་མ་ཟད། དེའི་ཞོར་དུ་ཨ་མེ་རི་ཁའི་དམག་དོན་ཉིང་ནུས་ཆུ་འཛུལ་གྲུ་གཟིངས་ཅཱ་ལེ་པུས་ས་ཁུལ་ཡོང་བའི་ཉེན་ཁའི་རང་བཞིན་ཐད་ནས་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།