ཀྲུང་གོ་དང་ཨུ་རུ་སི། ཧིན་རྡུ་ཉི་ཞི་ཡཱ་བཅས་ཀྱིས་ཕྱོགས་གསུམ་གྲོས་མོལ་སྤེལ།
2023.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་དང་ཨུ་རུ་སི། ཧིན་རྡུ་ཉི་ཞི་ཡཱ་བཅས་ཀྱིས་ཡཱ་ཅཱ་ཏཱ་ནས་ཕྱོགས་གསུམ་གྲོས་མོལ་སྤེལ།

ཀྲུང་དབྱང་ཕྱི་ཕྱོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱེ་གྲོས་ཚོགས་ལ་ཞུགས། ཝང་དབྱེ་ཡིས་བསྟན་དོན། དེང་སྐབས་འཛམ་གླིང་ཧྲིལ་བོར་ལོ་བརྒྱའི་འགྱུར་ལྡོག་ཆེན་མོ་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཤུགས་ཚད་ཞན་པ་དང་། ས་ཁུལ་བར་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཀྱང་། ཞི་བདེ་བརྩོན་ལེན་དང་འཕེལ་རྒྱས་སྐུལ་འདེད། མཉམ་ལས་བསམ་པའི་རླབས་རྒྱུན་དེ་འགོག་ཐབས་མེད། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་བཅས་ནི་སྔར་བཞིན་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། མཉམ་དུ་ཉེན་ཁ་དང་འགྲན་རྩོད་ཐག་གཅོད་བྱེད་པ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་དགོས། ཀྲུང་གོ་དང་ཨུ་རུ་སི། ཧིན་རྡུ་ཉི་ཞི་ཡཱ་བཅས་ནི་གསར་དར་ཚོང་རའི་འཐུས་མི་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་ཡིན་པས། བརྗེ་རེས་མཉམ་ལས་སྤེལ་བ་དེ་ཕྱོགས་གསུམ་གྱི་ཐུན་མོང་ཁེ་ཕན་ལ་འཚམ་པར་མ་ཟད། ཕྱོགས་མང་རིང་ལུགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཡར་སྐུལ་བྱེད་པར་ཕན་ཐོགས་ཡོད་ཟེར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོགས་པོའི་འབྲེལ་བ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ལྟེ་བར་བྱས་པའི་ས་ཁོངས་མཉམ་ལས་སྒྲོམ་གཞིར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་ཡང་དག་ཁ་ཕྱོགས་དམ་འཛིན་བྱས་ཏེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་མྱུར་དུ་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་ལོས་ཐི་ནོའུ་གཉིས་ཀྱིས་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ཐད་ཀྱི་ལྟ་ཚུལ་མཚམས་སྦྱོར་བྱས་པ་དང་། ཐེངས་འདིའི་གྲོས་མོལ་ནི་ཕྱོགས་གསུམ་གྲོས་མོལ་བརྗེ་རེས་ཀྱི་ཕན་ནུས་ལྡན་པའི་ཚོད་ལྟ་ཞིག་ཡིན་པ་དང་། ཕྱོགས་གསུམ་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཀྱིལ་སྙིང་གོ་གནས་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བྱེད་ཐབས་ལ་སྲུང་སྐྱོབ་བྱེད་པའི་ཐུན་མོང་ལྟ་ཚུལ་མངོན་པར་བྱས་ཡོད་ལ། མུ་མཐུད་དུ་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། ཕྱོགས་གསུམ་གྱིས་ད་རུང་འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་བྱ་བ་འཐུས་ཚང་དུ་བཏང་ནས། མཁོ་འདོན་མུ་འབྲེལ་ལ་འགན་སྲུང་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་ནུས་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།