ཁོ་ཐི་ཏེ་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཁོ་ཐི་ཏེ་ཝོར་དང་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཝ་ཐཱ་ལཱ་ཡིས་ཉིན་དེར་ཁོ་ཐི་ཏེ་ཝོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཅེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་ཁོ་ཐི་ཏེ་ཝོར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་ཚུན་གྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་ཁོ་ཐི་ཏེ་ཝོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཁོ་ཐི་ཏེ་ཝོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཝུའུ་ཅེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཁོ་ཐི་ཏེ་ཝོར་གྱི་འབྲེལ་བར་ཉེ་བའི་ལོ་འགའི་རིང་ལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ཞིང་། ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐུན་མོང་ལྟ་ཚུལ་གལ་ཆེན་མཛུབ་སྟོན་དུ་བྱས་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བ་མགོ་རྩོམ་ས་གསར་བར་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཁོ་ཐི་ཏེ་ཝོར་གྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།