སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ནས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སུའུ་ཏེན་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད།
2023.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཨེ་ཅིབ་ཀྱི་ཁེ་རོ་གྲོང་ཁྱེར་ནས་བསྡུས་པའི་སུའུ་ཏེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ།

སུའུ་ཏེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས། གྲོས་ཚོགས་གྲོལ་རྗེས་སྤྱི་སྒྲོག་སྤེལ་ཏེ། ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་སུའུ་ཏན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་པ་དང་། སུའུ་ཏེན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་གྲོས་མོལ་བྱས་ནས། ཞི་བའི་སྒོ་ནས་ཟླ་ངོ་འགའི་རིང་གི་འཁྲུག་རྩོད་དོན་རྐྱེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་མགོ་འཛིན་བྱས་པ་དང་། སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྲ་ཏི་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ། ཨིག་ལི་ཐི་ལི་ཡཱ། ཨེ་ཙེ་ཨོ་ཕི་ཡཱ། ལེ་པུས་ཡཱ། སུའུ་ཏན་ལྷོ་མ་བཅས་ཀྱི་མགོ་ཁྲིད་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི། དེ་མིན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་བཅས་གྲོས་ཚོགས་ལ་ཞུགས།

སྤྱི་སྒྲོག་ལས་བཤད་རྒྱུར། ཚོགས་ཞུགས་ཀྱི་ཕྱོགས་ཁག་སོ་སོས་སུའུ་ཏན་གྱི་བདག་དབང་ལ་བརྩི་འཇོག་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། སུའུ་ཏན་མངའ་ཁོངས་སུ་འབྱུང་བཞིན་པའི་དམག་དོན་འཁྲུག་རྩོད་དང་བདེ་འཇགས་གནས་བབ། མི་ཆོས་རིང་ལུགས་ཀྱི་གནས་བབ་བཅས་ཇེ་སྡུག་ཏུ་སོང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དུས་གཏན་དུ་འཁྲུག་རྩོད་མཚམས་བཞག་སྟེ། ཆབ་སྲིད་གྲོས་མཐུན་འགོད་པ་དང་བར་བརྒལ་སྲིད་གཞུང་རྩ་འཛུགས་བྱེད་པར་རྨང་འདིང་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ནས་པུའུ་ཀྲང་རིམ་པའི་རྐྱེན་སྲོལ་ཞིག་བཙུགས་ཏེ། འཁྲུག་རྩོད་མཇུག་སྒྲིལ་བའི་འགུལ་སྐྱོད་འཆར་གཞི་འདོན་རྒྱུ་ཐག་བཅད་པ་དང་། གྲོས་ཚོགས་ཐོག་མ་དེ་ཀྲི་ཏི་ནས་སྤེལ་རྒྱུ་རེད། སྤྱི་སྒྲོག་ལས་ད་རུང་དམངས་ཁྲོད་རྩ་འཛུགས་དང་ཞལ་འདེབས་ཕུལ་བའི་རྒྱལ་ཁབ་དག་གིས་སུའུ་ཏན་གྱི་རོགས་སྐྱོར་དང་རྒུད་སྐྱོབ་དམ་བཅའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་བཤད་རྒྱུར། སུའུ་ཏན་གྱི་འཁྲུག་རྩོད་ལས་མི་ས་ཡ་འགའ་ཡུལ་འཁྱམ་བྱེད་དགོས་བྱུང་ཡོད་ཅིང་། མིག་སྔར་སུའུ་ཏན་གྱི་ཡུལ་གྱར་བ་འབུམ་ཕྲག་འགའ་ཨེ་ཅིབ་ཀྱི་མངའ་ཁོངས་སུ་ཡོང་ཡོད། སེ་ཞི་ཡིས་སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་སྟབས་བདེ་བཟོ་དགོས་པར་མ་ཟད། རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་བདེ་འཇགས་རྒྱུ་ལམ་ཞིག་འཛུགས་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།