ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ནུབ་ཕྱོགས་ཀྱི་ལག་རྩལ་བཀག་སྡོམ་ལ་མགོ་སྒུར་མི་སྲིད་པའི་ཚུལ་བསྟན།
2023.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་མའོ་སི་ཁོ་ནས་སྤེལ་བའི་སྐབས་ཐོག་མའི་རྩིས་བརྒྱག་དང་འཕྲིན་གཏོང་གི་ཚད་རྡུལ་འཇིག་རྟེན་ཞེས་པའི་མ་འོངས་པའི་ལག་རྩལ་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ། ཨུ་རུ་སི་ཡིས་ནུབ་ཕྱོགས་ཀྱི་ལག་རྩལ་བཀག་སྡོམ་ལ་མགོ་སྒུར་མི་སྲིད་ལ། རང་ཉིད་ཀྱི་བྱེད་ཐབས་ལྟར་དུ་མདུན་སྐྱོད་བྱེད་ངེས་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་མུ་མཐུད་དུ་ཕྱི་རྒྱལ་གྱི་ལག་རྩལ་ལ་བརྟེན་པའི་སྣང་ཚུལ་སྲུང་འཛིན་བྱས་ཏེ། ཨུ་རུ་སིར་ལག་རྩལ་བཀག་སྡོམ་བྱེད་རྩིས་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་རེ་བཞིན་པའི་ཕམ་ཉེས་དེ་འདྲ་ཨུ་རུ་སི་ནས་བྱུང་མེད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འབྲེལ་བའི་གནད་འགག་ཁྱབ་ཁོངས་སུ་རང་བདག་ནུས་པ་ཡོད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་རང་གི་ལག་རྩལ་ཁྱབ་ཁོངས་དང་བཟོ་ལས་འཕེལ་རྒྱས་སུ་བཏང་སྟེ། ཨུ་རུ་སིའི་གྲངས་ལྡན་སྟེགས་བུ་དང་རྩིས་བརྒྱག་མ་ལག་གསར་འཛུགས་བྱེད་པའི་དགོས་གལ་ཡོད་ཟེར། ཁོས་ལོ་གཅིག་གི་ནང་ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་གཞི་གྲངས་དཔལ་འབྱོར་འཛུགས་པའི་རྒྱལ་ཁབ་ཀྱི་ལས་གཞི་གསར་བ་གཏན་འབེབས་བྱེད་དགོས་པའི་གྲོས་གཞི་བཏོན་པར་མ་ཟད། ད་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་སྔོན་ལ་མི་བསྡད་མེད་པའི་གནམ་གྲུའི་རྒྱལ་ཁབ་ཀྱི་ལས་གཞི་ཞིག་ལ་ཆོག་མཆན་འགོད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།