ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེའི་གྲོས་ཁང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་མིན་ལ་གཅོད་དོན་སྤེལ་རྒྱུ་ཡིན་པའི་ཚུལ་བསྟན།
2023.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཐུར་ཁེའི་གྲོས་ཁང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ཐད་ནས་རྒྱལ་ཁབ་རང་གི་ཁེ་ཕན་དང་འཚམ་པའི་ཆོད་དོན་སྤེལ་རྒྱུ་ཡིན་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུ་དེ་ཉིན་རིམ་ནང་འཇོག་རྒྱུ་ཡིན་ཟེར། ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཉེ་སྔོན་སྤེལ་བའི་ཝེ་ཨར་ཉིག་སིའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ། སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུའི་གནད་དོན་ནི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། ཐུར་ཁེ་ཡིས་གནད་དོན་དེར་རྣམ་འགྱུར་གསལ་བོ་བསྟན་ཡོད་ལ། སྔར་བཞིན་དུ་སྔོན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཡོད།

བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་སྤེལ། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅུ་ཉིན་གྱི་དགོང་མོར་ཝེ་ཨར་ཉིག་སི་ནས་བསྟན་དོན། ཐུར་ཁེའི་སྲིད་གཞུང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེ་དེ་ཐུར་ཁེའི་གྲོས་ཁང་ལ་ཆོག་མཆན་འགོད་པར་སྤྲོད་རྒྱུར་ཡིད་འཐད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།