ཙེམ་པབ་ཝེ་དང་དབྱི་ལིང་གིས་མཉམ་ལས་གྲོས་མཐུན་མང་བོ་བཀོད།
2023.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཙེམ་པབ་ཝེ་རུ་འཚམས་འདྲི་བྱེད་སྐབས། ཙེམ་པབ་ཝེ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཚེས་བཅུ་གསུམ་ཉིན་ཙེམ་པབ་ཝེའི་ཙུང་ཐུང་བཞུགས་ཤག་ནས་མཉམ་ལས་གྲོས་མཐུན་སྣ་བཅུ་གཉིས་བཀོད་པ་དང་། ཞིང་ལས་དང་ཚན་རྩལ། ནུས་ཁུངས། ཆ་འཕྲིན་འཕྲིན་གཏོང་ལག་རྩལ། སྨན་རྫས་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད།

གྲོས་མཐུན་བཀོད་རྗེས། ལའེ་ཞེ་གཏམ་བཤད་སྤེལ་ཏེ། ཙེམ་པབ་ཝེ་དང་དབྱི་ལིང་གིས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཁྱད་པར་དུ་སྤྱི་ཚོགས་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར། ཁོས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་ཐེབས་ཡོད་ཀྱང་། དབྱི་ལིང་གིས་རང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་གཏེར་འདོན་ལས་རིགས་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་བཏང་ཡོད་ལ། ཙེམ་པབ་ཝེ་བར་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཟེར།

ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། ཙེམ་པབ་ཝེ་ཡིས་ཀྱང་དབྱི་ལིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་བཞིན་ཡོད་པ་དང་། བཀོད་པའི་གྲོས་མཐུན་དངོས་འབེབས་བྱེད་རྒྱུ་ཡིན། ཙེམ་པབ་ཝེའི་གཏེར་འདོན་དང་འཕྲོད་བསྟེན། ཞིང་ལས། ནུས་ཁུངས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་སུ་གོ་སྐབས་ཆེན་པོ་ཡོད་པ་དང་། དབྱི་ལིང་གི་ཀུང་ཟི་ཙེམ་པབ་ཝེ་རུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བཤད་རྒྱུར། ནུབ་ཕྱོགས་ཀྱི་བཀག་སྡོམ་བྱེད་ཐབས་ཀྱི་གནོད་ཐེབས་མཁན་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྲོས་མོལ་བྱས་ནས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་ཟེར།

ཙེམ་པབ་ཝེ་ནི་ལའེ་ཞེ་ཡི་ཐེངས་འདིའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གསུམ་གྱི་འགྲུལ་བཞུད་ཀྱི་ཆེས་མཇུག་མཐའི་ས་ཚིགས་ཡིན་པ་དང་། དེའི་སྔོན་དུ་ཁོས་སྔ་གཞུག་ཏུ་ཁུན་ནེ་ཡཱ་དང་ཝུ་ཀན་ཏཱ་ལ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།