མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོས་བཏོན་པའི་འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ཚང་མ་མཉམ་སྤྱོད་བྱེད་པའི་ཐད་ཀྱི་བྱས་རྗེས་ཞེས་པའི་གྲོས་ཆོད་ལ་ཡང་བསྐྱར་གྲོས་མཐུན་བཀོད།
2023.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་གསུམ་པའི་གྲོས་ཚོགས་ནས་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་ཀྲུང་གོས་བཏོན་པའི་འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ཚང་མ་མཉམ་སྤྱོད་བྱེད་པའི་ཐད་ཀྱི་བྱས་རྗེས་ཞེས་པའི་གྲོས་ཆོད་ལ་ཡང་བསྐྱར་གྲོས་མཐུན་བཀོད།

གྲོས་ཆོད་ལས་འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ཚང་མ་མཉམ་སྤྱོད་བྱེད་པའི་ཐད་ཀྱི་བྱས་རྗེས་གལ་ཆེན་བསྐྱར་སྒྲོག་བྱས་པ་དང་། ཕྱོགས་སོ་སོས་རིམས་ནད་རྗེས་ཀྱི་སླར་གསོའི་འཕེལ་རིམ་ཁྲོད་བསམ་ཕྱོགས་གསར་བས་ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་དངོས་འབེབས་བྱེད་པའི་ཁྲོད་ཀྱི་འགྲན་རྩོད་གསར་བ་ཐག་གཅོད་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། སྤུས་ཛད་མཐོ་བའི་འཕེལ་རྒྱས་ཁྲོད་ནས་འགྲོ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་སྐུལ་འདེད་དང་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་གཞུང་ཚབ་ཆེན་མོ་ཁྲིན་ཞུའུ་ཡིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གྲོས་ཆོད་འཆར་ཟིན་མཚམས་སྦྱོར་བྱེད་སྐབས་བསྟན་དོན། འཕེལ་རྒྱས་དང་འགྲོ་མིའི་ཐོབ་ཐང་གིས་ཕན་ཚུན་སྐུལ་འདེད་གཏོང་བ་དང་། ཕན་ཚུན་རྒྱབ་རྟེན་བྱེད་ལ། ཁྱད་པར་དུ་རིམས་ནད་རྗེས་ཀྱི་སླར་གསོའི་འཕེལ་རིམ་ཁྲོད་དུ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱས་ཏེ། མི་རེ་རེར་འགྲོ་མིའི་ཐོབ་ཐང་ཚང་མ་མཉམ་སྤྱོད་བྱེད་དུ་འཇུག་ཐུབ་པར་མཉམ་དུ་རེ་སྒུག་བྱས་ཡོད། འཛམ་གལིང་འགྲོ་མིའི་ཐོབ་ཐང་བསྒྲགས་གཏམ་ལ་གྲོས་མཐུན་བཀོད་ནས་ལོ་ངོ་དོན་ལྔ་འགོར་བ་དང་། ཝེ་ཡེ་ནཱ་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་གནད་ལ་གྲོས་མཐུན་བཀོད་ནས་ལོ་ངོ་སུམ་ཅུ་འགོར་བའི་སྐབས་སུ། ཀྲུང་གོས་རྒྱལ་ཁབ་གཞན་དང་མཉམ་དུ་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཡང་བསྐྱར་འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ཚང་མ་མཉམ་སྤྱོད་བྱེད་པའི་ཐད་ཀྱི་བྱས་རྗེས་ཞེས་པའི་གྲོས་ཆོད་འཆར་ཟིན་བཏོན་ཡོད་ལ། གྲོས་ཆོད་དེ་རྒྱལ་ཁབ་སོ་སོས་རིམས་ནད་རྗེས་ཀྱི་སླར་གསོའི་ཁྲོད་འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ཚང་མ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་ཧུར་ཐག་སྒོས་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དཀྱེལ་ཡངས་ཆེ་བའི་འཕེལ་རྒྱས། འདྲ་མཉམ་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར།

ཕཱ་ཁི་སི་ཐན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སུའུ་ཏན། ཧོང་ཏུ་རཱ་སི་སོགས་རྒྱལ་ཁབ་ཀྱིས་གཏམ་བཤད་སྤེལ་ནས། ཀྲུང་གོས་གྲོས་ཆོད་འཆར་ཟིན་གལ་ཆེན་དེ་སྤྲད་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོས་མགོ་ཁྲིད་ནུས་པ་འདོན་སྤེལ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། གྲོས་ཆོད་འཆར་ཟིན་དེར་གྲོས་འཆམ་བྱུང་བ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཀྱི་རེ་འདོད་དང་ཐུན་མོང་སེམས་སྒྲ་མངོན་པར་མཚོན་ཡོད་ལ། རྒྱལ་ཁབ་སོ་སོས་རིམས་ནད་རྗེས་ཀྱི་སླར་གསོའི་འཕེལ་རིམ་ཁྲོད་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།