མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་ནུས་ཁུངས་བརྗོད་སྙིང་དུ་བྱས་པའི་ཕྱོགས་ཀྱི་གྲོས་ཚོགས་ནས་ཐཱན་མེད་པའི་ནུས་ཁུངས་མ་ལག་མཉམ་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

འདི་ནི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་ནུས་ཁུངས་བརྗོད་སྙིང་དུ་བྱས་པའི་ཕྱོགས་ཀྱི་གྲོས་ཚོགས་ཀྱི་ཡུལ་དངོས་རྣམ་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་ནུས་ཁུངས་བརྗོད་སྙིང་དུ་བྱས་པའི་ཕྱོགས་ཀྱི་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འཚོགས། ཚོགས་ཐོག་ནས་སྙན་ཞུ་སྤེལ་ཏེ། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཛམ་གླིང་ཡོངས་ཀྱི་ཐག་གཅོད་ཇུས་གཞི་དང་ལག་ལེན་ཐབས་ལམ་འདོན་སྤྲོད་བྱས་པ་དང་། ཐཱན་མེད་པའི་ནུས་ཁུངས་མ་ལག་མཉམ་འཛུགས་བྱེད་པའི་གྲོས་གཞི་བཏོན།

ཐཱན་མེད་པའི་ནུས་ཁུངས་མ་ལག་མཉམ་འཛུགས་བྱས་ཏེ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་ཞེས་པ་བརྗོད་སྙིང་ཡིན་པའི་ཕྱོགས་ཀྱི་གྲོས་ཚོགས་དེ་ནི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་དང་། ལཱ་ཏེན་མེ་གླིང་ནུས་ཁུངས་རྩ་འཛུགས་སོགས་ཀྱིས་མཉམ་འབྲེལ་གཙོ་སྒྲུབ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅུན་ཧྭ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པེན་སོགས་གྲོས་ཚོགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ།

མཉམ་ལས་རྩ་འཛུགས་ཀྱིས་ཚོགས་ཐོག་ནས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་ཞེས་པའི་སྙན་ཞུ་སྤེལ། སྙན་ཞུ་ལས་བསྟན་དོན། མིག་སྔར་འགྱུར་རྡོ་ལྟ་བུའི་ནུས་ཁུངས་རྩ་ཆེན་མང་དུ་སྔོག་འདོན་བྱས་པ་ལས་བྱུང་བའི་ཐོན་ཁུངས་དང་ནམ་ཟླ། ཁོར་ཡུག བདེ་ཐང་སོགས་གནད་དོན་དེ་རྒྱུན་མཐུད་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ནུས་ཁུངས་ལྷད་མེད་ཐཱན་ཉུང་གི་ཚུལ་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཡོད་ཟེར།

སྙན་ཞུ་ལས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་དངོས་འབེབས་བྱེད་པའི་འགུལ་སྐྱོད་སྣ་བཅུ་དང་རྐྱེན་སྲོལ་སྣ་དྲུག་གི་གྲོས་གཞི་བཏོན་ནས། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཛམ་གླིང་ཡོངས་ཀྱི་ཐག་གཅོད་ཇུས་གཞི་དང་ལག་ལེན་ཐབས་ལམ་འདོན་སྤྲོད་བྱེད་དགོས་པར་བསྟན་ཡོད།

གྲོས་ཚོགས་ནས་ད་རུང་ཐཱན་མེད་ནུས་ཁུངས་མ་ལག་མཉམ་འཛུགས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་མཉམ་འབྲེལ་གྲོས་གཞི་བཏོན་པ་དང་། ཕྱོགས་སོ་སོས་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་ཚུལ་བསྒྱུར་གྱི་ཐུན་མོང་ལྟ་ཚུལ་ཇེ་དྲག་ཏུ་གཏོང་བ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས། ཐཱན་ཉུང་ནུས་ཁུངས་མ་ལག་འཛུགས་དགོས་ལ། གསར་གཏོད་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་ནུས་ཁུངས་ཚན་རྩལ་གྱི་གསར་བརྗེ་ཇེ་མགྱོགས་སུ་གཏོང་དགོས་པར་མ་ཟད། མི་ཚང་མས་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་དྲུང་ཡིག་ཁྲུའུ། འཛམ་གླིང་གནམ་གཤིས་རྩ་འཛུགས་སོགས་ལས་ཁུངས་བཅས་ནས་ཡོང་བའི་འཐུས་མི་དྲུག་ཅུ་ལྷག་ཡུལ་དངོས་ནས་གྲོས་ཚོགས་ལ་ཞུགས།

འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར་བཙུགས་པ་དང་། དེ་ནི་ཀྲུང་གོས་ནུས་ཁུངས་ཁྱབ་ཁོངས་ནས་གྲོས་གཞི་བཏོན་ཏེ་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཐོག་མ་ཡིན་ལ། དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་བཏང་སྟེ། དག་གཙང་དང་ལྷད་མེད་ཀྱི་རྣམ་པས་འཛམ་གླིང་ཡོངས་ཀྱི་གློག་ཤུགས་དགོས་མཁོ་བསྐང་བའི་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།