ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་ནས་ཨེ་ཙི་ནད་མེད་པར་གཏོང་བའི་རེ་བ་ཡོད།
2023.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། གལ་ཏེ་རྒྱལ་ཁབ་སོ་སོས་ཆབ་སྲིད་ཀྱི་རེ་འདུན་བསྟན་ནས། ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བའི་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་འདོད་ཡོད་པ་དང་། མཐོང་ཆུང་མེད་པའི་བཅའ་ཁྲིམས་ལ་གྲོས་མཐུན་བཀོད་ན། ཉིས་སྟོང་སུམ་ཅུ་ལོའི་བར་ཨེ་ཙི་ནད་མེད་པར་གཏོང་བའི་རེ་བ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་འཆར་འགོད་ལས་དོན་ཁང་གིས་བཤད་རྒྱུར། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་སུ་ཨེ་ཙི་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་དགུ་ཡོད། སྙན་ཞུ་ལས་བཤད་རྒྱུར། ཨེ་ཙི་ནད་དུག་ལ་དམིགས་པའི་ནུས་ལྡན་གྱི་བྱེད་ཐབས་ལ་སྲིད་གཞུང་གི་དངུལ་གཏོང་དང་། མཐོང་ཆུང་མེད་པའི་བཅའ་ཁྲིམས་ལ་གྲོས་མཐུན་འགོད་པ། སྡེ་ཁུལ་གྱི་དྲ་རྒྱར་ཤུགས་སྣོན་པ་སོགས་འདུས། རྒྱལ་ཁབ་མང་བོས་ཨེ་ཙི་ནད་དུག་འགོས་པའི་ནད་པ་དག་མིང་ངན་དང་མཐོང་ཆུང་། དྲག་ཤུགས་བཅས་ལ་འཕྲད་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། མ་དངུལ་གཏོང་ཚད་ཆེས་མང་བའི་རྒྱལ་ཁབ་དང་ས་ཁུལ་ཏེ་ཨ་ཧྥེ་རི་ཁ་ཤར་མ་དང་ཨ་ཧྥེ་རི་ཁ་ལྷོ་མ་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཉིས་སྟོང་བཅུ་ལོའི་ཚུན་ལ། ཨ་ཧྥེ་རི་ཁ་ཤར་མ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཨེ་ཙི་ནད་དུག་འགོས་པའི་ནད་པ་གསར་བའི་ཁ་གྲངས་བརྒྱ་ཆའི་ང་བདུན་ཇེ་ཉུང་དུ་སོང་ཡོད།

ཡིན་ཡང་སྙན་ཞུ་ལས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་ཤར་མ་དང་ཨེ་ཤ་ཡཱ་དབུས་མ། དེ་མིན་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་བཅས་སུ་ནད་དུག་འགོས་པའི་ནད་པ་གསར་བའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། སྙན་ཞུ་ལས་བཤད་རྒྱུར། གནས་ཚུལ་དེ་འདྲ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་མཐར་གནས་མི་ཚོགས་དང་མི་ཚོགས་གཙོ་བོར་དམིགས་ནས་ཨེ་ཙི་ནད་ཀྱི་སྔོན་འགོག་ཞབས་ཞུ་འདོན་སྤྲོད་བྱས་པ་མི་འདང་བ་དང་། ཆད་གཅོད་རང་བཞིན་གྱི་བཅའ་ཁྲིམས་དང་སྤྱི་ཚོགས་མཐོང་ཆུང་ལས་བཟོས་པའི་བཀག་རྒྱའི་དབང་གིས་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་ཀྱི་འཆར་འགོད་ལས་དོན་ཁང་གིས་བཤད་རྒྱུར། ན་ནིང་ཨེ་ཙི་ནད་དུག་བྱུང་བའི་ནད་པ་ས་ཡ་གཅིག་དང་འབུམ་གསུམ་ཇེ་མང་དུ་སོང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།